དྭང་བླངས་བའི་གོ་སྐབས་དང་འབྲེལ་མཐུད།
དྭང་བླངས་ཀྱི་ཞབས་ཞུ་ནི་སྒེར་སེམས་མེད་པའི་གཞན་ཕན་གྱི་ལས་དོན་ཆེེས་བཟང་ཤོས་ཤིག་ཡིན་པར་ངོ་འཛིན་གྱིས། འགྲོ་བ་མི་དང་སེམས་ཅན་གཞན་གྱི་འཚོ་གནས་ལ་ཕན་ཐོགས་དང་། རང་ཉིད་ཀྱི་འཇོན་ནུས་དང་ཤེས་ཚད་ལ་གཞིགས་པའི་ལས་དོན་མང་པོ་དྭང་བླངས་ཀྱིས་བསྒྲུབས་ཏེ་སྤྱི་ཚོགས་དང་མི་སྒེར་གྱི་འཚོ་གནས་ལ་བཟང་ཕྱོགས་ཀྱི་འགྱུར་བ་དང་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་གྱི་ཡོད་སྟབས། དེང་སྐབས་འཛམ་གླིང་ནང་དྭང་བླངས་ཀྱི་ཞབས་ཞུའི་རིགས་དགོས་མཁོ་ཆེ་རུ་འགྲོ་བཞིན་པ་དང་། དྭང་བླངས་ཞབས་ཞུ་བ་ཡང་དེ་མཚུངས་མང་དུ་འགྲོ་བཞིན་པ་རེད། ལྷག་དོན་དུ་དྭང་བླངས་ཞབས་ཞུའི་ལས་རིགས་ལ་སྤྱི་ཚོགས་དང་ཚོགས་སྡེ་སྒྲིག་འཛུགས་སོགས་ཀྱིས་ཆེ་མཐོང་དང་ཆེས་མཐོའི་ངོས་འཛིན་ལྡན་ཞིང་། དེང་སྐབས་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་སོགས་ཀྱིས་སློབ་ཕྲུག་རྣམས་སློབ་གྲྭ་མ་ཐོན་གོང་དུས་ཡུན་རིང་ཐུང་ལ་མ་ལྟོས་པར་སྤྱི་ཚོགས་ནང་ཚོགས་སྡེ་སོགས་ལ་དྭང་བླངས་ཞབས་ཞུ་ངེས་པར་བྱེད་དགོས་པའི་སྐུལ་མ་དང་འབྲེལ་ཆ་རྐྱེན་འོག་བཞག་ཡོད།
ང་ཚོའི་ཚོགས་པར་མཚོན་ན་འདས་པའི་ལོ་ངོ་ ༢༦ གི་རིང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་བྱས་ཡོད་སྟབས། སྤྱི་ཚོགས་དང་། མི་སྒེར། རྒྱལ་སྤྱི། དེ་བཞིན་ས་གནས་ཀྱི་ཚོགས་སྡེ་ཁག་ལ་འབྲེལ་འདྲིས་གང་ལེགས་ཡོད་ཅིིང་། ཚོགས་པའི་ནང་གཏན་འཇགས་ལས་བྱེད་ ༨ ཙམ་གྱིས་སྣེ་ཁྲིད་ཀྱིས་ལས་དོན་བྱེད་མུས་ཐོག འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་ཞབས་ཞུ་བ་ཆེས་མང་པོས་ཀྱང་ཚོགས་པའི་ཉིན་རེའི་ལས་དོན་ལ་ཞབས་འདེགས་ཀྱིས་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་ལ། ང་ཚོའི་ཚོགས་པ་ནི་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་རྒྱལ་དྭང་བླངས་པའི་ལས་ཀ་བྱེད་ས་དང་འབྲེལ་མཐུད་བྱེད་མཁན་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ལ་རོགས་རམ་གྱིས་དྭང་བླངས་པ་དང་འབྲེལ་མཐུད་བྱེད་ཀྱི་ཡོད། ཁྱད་ལས་པ་དང་། ཁྱད་ལས་མཁན་མ་ཡིན་པ་ཇི་ལྟར་ཡང་དྭང་བླངས་པ་ཚོས་དོན་དང་ལྡན་པའི་ཞབས་ཞུ་སྒྲུབ་པ་དང་ཉམས་མྱོང་འདྲ་མིན་གསོག་རྒྱུའི་གོ་སྐབས་རག་གི་ཡོད་པ་མ་ཟད། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་ལའང་དེ་བཞིན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེ་ལྟར་ང་ཚོའི་ཚོགས་པའི་ཉིན་རེའི་ལས་འཆར་དང་ལས་གཞི་མང་པོ་དྭང་བླངས་པའི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད།
དྭང་བླངས་པའི་རང་ཉིད་ཀྱི་ཤེས་ཡོན་དང་ལག་རྩལ་སོགས་བཙན་བྱོལ་བོད་མི་ཙམ་མ་ཡིན་པར། ས་གནས་རྒྱ་གར་ཡུལ་མི། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་དང་ཚོགས་སྡེ་ཁག་ལ་ཞབས་ཞུའི་གོ་སྐབས་བསྐྲུན་གྱི་ཡོད་ཅིང་། ཞོར་དུ་དྭང་བླངས་བ་དེ་ཚོར་སྤྱི་ཚོགས་ཞབས་ཞུ་དང་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ཉམས་མྱོང་འདྲ་མིན་གསག་རྒྱུའི་གོ་སྐབས་ཡང་ཡོང་གི་ཡོད། ཚོགས་པའི་ནང་དྭང་བླངས་ཞབས་ཞུ་བྱེད་སྐབས། དྭང་བླངས་ཞབས་ཞུ་སྒྲུབ་ཡུལ་གྱི་རིག་གཞུང་ལ་རྒྱུས་ལོན་དང་། མི་དང་མིའི་བར་གྱི་འབྲེལ་འདྲིས། སྤྱིར་བོད་པའི་གནས་བབས་དང་། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་གྱི་དྭང་བླངས་ཞབས་ཞུ་ནི་མིང་དོན་མཚུངས་པའི་གཞན་ཕན་གྱི་ལས་དོན་ཡིན་པ་གང་ཞིག་ལ། མི་ཞིག་གི་མི་ཚེ་དོན་དང་ལྡན་པ་དང་བཟང་ཕྱོགས་སུ་བསྒྱུར་ཐབས་བཅས་ཀྱི་སྐོར་ཕན་ནུས་དང་རྒྱབ་སྐྱོར་གྱིས། ཞོར་དུ་དོན་ཕན་ལྡན་པའི་ཉམས་མྱོང་བརྗེ་རེས་བྱེད་རྒྱུའི་གོ་སྐབས་སོགས་ཧ་ཅང་ཡག་པོ་ཡོད། དྷ་རམ་ས་ལ་ནི་བོད་མིའི་ཆོས་དང་། རིག་གཞུང་། ཆབ་སྲིད། བཙན་བྱོལ་བོད་གཞུང་གི་ལྟེ་གནས་དང་༧གོང་ས་མཆོག་གི་བཞུགས་གནས་གཉིས་པ་ཆགས་ཡོད། དེར་མ་ཟད་གཙུག་ལག་ཁང་དང་། དགོན་སྡེ་གྲྭ་ཚང་། སློབ་གྲྭ་སོགས། བོད་མིའི་ཚོགས་སྡེ་འདྲ་མིན་གྱི་ལྟེ་གནས་ཤིག་ཀྱང་ཡིན། དྭང་བླངས་པ་རྣམས་ཀྱིས་ཕན་གྲོགས་ལ་བརྟེན་ནས། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་། ལྷག་དོན་དུ་ང་ཚོའི་ས་ནས་ཁེ་ཕན་འཐོབ་མཁན་ཚོར། ཉིན་ལྟར་ཨིན་ཇིའི་སྐད་ཡིག་དང་། རྒྱ་ཡིག། ཧྥ་རན་སིའི་སྐད་ཡིག འཇར་མན་སྐད་ཡིག དེ་བཞིན་ཀམ་པུ་ཊར་སློབ་ཚན་གཙོས་པའི་སྦྱོང་བརྡར་གྱི་རྣམ་གྲངས་མང་པོ་ཞིག་བདེ་བླག་ངང་ཚུགས་ཐུབ་པ་བྱུང་བར་མ་ཟད། ཚོགས་པའི་ལས་འཆར་དང་ལས་དོན་སྤྱི་དང་ཡང་སྒོས་སུ་ཨིན་ཡིག་ཐོག་རྩོམ་སྒྲིག་དང་། ཞུ་དག སྒྲ་ཕབ། བོད་དོན་དང་འབྲེལ་བའི་གསར་འགྱུར་བྲི་རྒྱུ་ལ་སོགས་པའི་ལས་དོན་ཁག་ལ་དྭང་བླངས་བས་ནུས་ཤུགས་དང་རྒྱབ་སྐྱོར་ནི་ང་ཚོའི་ཞབས་ཞུ་ཁག་མུ་མཐུད་ལེགས་གྲུབ་དང་ལམ་ལྷོང་ཡོང་བར་མེད་དུ་མི་རུང་བ་ཆགས་ཡོད།
རྒྱལ་སྤྱིའི་དྭང་བླངས་བའི་ཚོགས་སྡེ་འདྲ་མིན་དང་མཉམ་འབྲེལ་གྱིས་ལས་རིམ་འབྲེལ་མཐུད་དང་གོ་སྒྲིག་ལག་བསྟར་བྱས་དང་བྱེད་མུས་ཡིན་ཞིང་། སྟབས་ལེགས་པ་ཞིག་ལ་ད་བར་གྱི་ཚོགས་པའི་ཞབས་ཞུ་ཁག་ལ་ལོ་རེ་བཞིན་དྭང་བླངས་ཞབས་ཞུ་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༢ བར་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༤༢ ནས་ཁྱོན་དྭང་བླངས་པ་མི་གྲངས་ ༨༦༣༨ ཙམ་བྱུང་ཡོད། ང་ཚོས་ལོ་རེར་ཆ་སྙོམས་དྭང་བླངས་ཞབས་ཞུ་བ་ ༦༠༠ ཙམ་ལ་ལས་ཀ་གོ་སྒྲིག་བྱེད་ཀྱི་ཡོད། དགུན་ཁ་ཉིན་རེར་ཆ་སྙོམས་དྭང་བླངས་པ་མི་ ༥ ནས་ ༡༠ བར་དང་། དཔྱིད་ཀར་ཉིན་རེར་ཆ་སྙོམས་དྭང་བླངས་ཞབས་ཞུ་བ་མི་གྲངས་ ༡༥ ནས་ ༢༠ བར་ཡོད། ང་ཚོར་དྭང་བླངས་ཞབས་ཞུའི་རྣམས་གྲངས་ ༢༠ ལྷག་ཡོད་པས་དྭང་བླངས་སོ་སོའི་ཐུགས་འདོད་ལྟར་གོ་སྐབས་འབུལ་གྱི་ཡོད་སྟབས། དྭང་བླངས་པ་ཆེས་མང་པོ་བོད་པའི་སྤྱི་ཚོགས་དང་འབྲེལ་མཐུད་ཀྱིས་ཁོང་ཚོར་དོན་དང་ལྡན་པའི་ལས་ཀའི་ཉམས་མྱོང་གསོག་ཏུ་འཇུག་རྒྱུ་དང་། དྷ་སའི་ཉེ་འཁོར་གྱི་ལྟེ་གནས་ཁང་གང་སར་སྐོར་སྐྱོད་ཀྱིས་ངོ་སྤྲོད་ཞུ་རྒྱུ། དེ་བཞིན་ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཁེ་མེད་ཀྱི་ཚོགས་སྡེ་ཁག་ངོ་སྤྲོད་ཀྱིས། སྐབས་བབས་དང་འབྲེལ་བའི་ཞབས་ཞུ་དང་། སྦྱོང་བརྡར། ལས་རིམ་འདྲ་མིན་ནང་ཞུགས་རྒྱུར་གོ་སྒྲིག བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་དོན་གཙོས་པའི་ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་བར་དམིགས་ཡུལ་གཙོ་བོར་བཟུང་གི་ཡོད་པས། ད་བར་ང་ཚོས་དྭང་བླངས་གོ་སྐབས་དང་འབྲེལ་མཐུད་གོ་སྒྲིག་བྱས་པ་ཚང་མ་དམིགས་ཡུལ་དང་མཐུན་པ་བྱུང་སོང་། སྤྱིར་དྭང་བླངས་ཞབས་ཞུའི་དུས་ཡུན་བདུན་ཕྲག་གཅིག་ནས་ཟླ་བ་དྲུག་བར་ཡིན་ཡང་། དྭང་བླངས་དུས་ཡུན་ག་ཚོད་རིང་བ་གནང་མཁན་བྱུང་ན་ཕན་ཐོགས་ཆེ་བ་ཡོང་གི་ཡོད། འདས་པའི་དུས་ཡུན་ནང་དྭང་བླངས་པ་མང་ཆེ་བ་དྭང་བླངས་དུས་ཡུན་ཟླ་བ་གཅིག་ནས་གསུམ་བར་བྱེད་མཁན་མང་བ་ཆགས་ཡོད་པ་རེད།