སྤྱི་ཚོགས་ཞབས་ཞུ།
- སྐྱབས་བཅོལ་བོད་མིའི་སྤྱི་ཐབ།
- འཐུང་ཆུ་གཙང་བཟོའི་རོགས་རམ་ལས་གཞི།
- རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོའི་ལས་འཆར།
- གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་དང་གོ་རྟོགས་ལས་འགུལ་སྤེལ་བ།
- ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ།
- རིན་མེད་གྱོན་གོས་བགོ་འགྲེམ།
- བྱམས་པ་གླིང་རྒས་གསོ་ཁང་ལ་རོགས་རམ།
- སྐྱབས་བཅོལ་བོད་མིའི་སྤྱི་ཐབ།
- རིན་མེད་སོ་བརྟག་དཔྱད་དང་བཟོ་བཅོས།
ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ཏེ་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་༼སྐྱབས་བཅོལ་བོད་མིའི་སྤྱི་ཐབ་༽འདི་གསར་དུ་སྒོ་ཕྱེས་ཤིང་། དེ་ཡང་སྤྱི་ཐབ་འདི་འདྲ་ཞིག་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད།
དང་པོ། ང་ཚོ་སྐྱབས་བཅོལ་བའི་གནས་བབས་འོག་ཟས་གོས་སོགས་དཀའ་ངལ་ཡོད་མཁན་མི་ཉུང་བ་ཞིག་ཡོད་པས་ཉམ་ཐག་མི་མང་གི་དཀའ་ངལ་སེལ་ཆེད་དང༌། གཉིས་པ། ང་ཚོའི་སྤྱི་ཚོགས་ནང་ནད་རིགས་མང་པོ་ཞིག་ཟས་བཅུད་མི་འདང་བའི་དཀའ་ངལ་ལ་བརྟེན་ནས་ཡོང་གི་ཡོད་པས། ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་སྤྱི་ཐབ་འདི་སྒོ་ཕྱེས་པ་ཡིན། ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་རོགས་རམ་དགོས་ངེས་ཅན་གྱི་མི་གྲངས་ ༥༠ ནས་ ༦༠ བར་ལ་བདུན་རེའི་གཟའ་སྤེན་པ་དང་ཉི་མ་ཕུད། ཉིན་ལྟར་གུང་ཚིགས་འབུལ་བཞིན་པ་ལྟར། ང་ཚོས་ཉིན་ལྟར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱར་གྱི་ཡོད། སྤྱི་ཐབ་སྒོ་ཕྱེས་པ་ནས་བཟུང་ད་ལྟའི་བར་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༤༠༨ ལ་ཕན་ཐོགས་བྱུང་ཡོད་པ་དང་། ང་ཚོས་སྤྱི་ཐབ་ཀྱི་ཞབས་ཞུའི་ཡར་རྒྱས་དང་ཕན་ཐོགས་ཇི་ལྟར་ཡོང་གི་ཡོད་མེད་སྐོར་ཞིབ་འཇུག་དང། ཕྱི་ལོ་ ༢༠༡༣ དང་། ༢༠༡༤ ༢༠༡༦ བཅས་ལ་ཁྱད་ལས་ཞིབ་འཇུག་པས་ཞིབ་འཇུག་ཐེངས་གསུམ་བྱས་ཤིང་། ༢༠༡༣ ལོའི་ཞིབ་འཇུག་སྙན་ཐོའི་ནང་གསལ་ལྟར་ན། ཞལ་ལག་མཆོད་མཁན་མང་ཆེ་བ་ཁོ་རང་ཚོར་དཔལ་འབྱོར་གྱི་དཀའ་ངལ་འོག་ཚོགས་པའི་སྤྱི་ཐབ་ཀྱི་ཁེ་ཕན་འདི་ལེན་གྱི་ཡོད་ཚུལ་དང་། སྤྱི་ཐབ་ཀྱི་ཞལ་ལག་གིས་ཁང་ཚོའི་འཕྲོད་བསྟེན་དང་འཚོ་བ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག
ཕྱི་ལོ ༢༠༡༤ ཟླ་ ༡༢ པའི་ནང་དྭང་བླངས་པ་ཁག་གཅིག་གིས་སྤྱི་ཐབ་སྐོར་ཞིབ་འཇུག་བྱས་པ་བརྒྱུད། སྙན་ཐོའི་ནང་ཁྱོན་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༩༦ གི་སྤྱི་ཐབ་ཀྱི་ཁ་ལག་གིས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་ལུགས་དང་། མི་གྲངས་བརྒྱ་ཆ་ ༨༧ གྱིས་ཁོང་ཚོ་སྤྱི་ཐབ་འདིའི་ནང་ཞལ་ལག་མཆོད་དོན་ནི་དཔལ་འབྱོར་གྱི་དཀའ་ངལ་ཡིན་ཚུལ་སོགས་འགྲེལ་བརྗོད་གནང་འདུག དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། དྭང་བླངས་པ་དང་སྤྱི་ཚོགས་དཔྱད་ཞིབ་ཁྱད་ལས་པ་ཐྲོ་ཌི་ཌལིའུ་རཱལ་སི་ (Todd W Rawls, a survey sociologist) ལགས་ཀྱིས་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་མི་གྲངས་ ༤༠ སྐོར་ཞིག་ལ་ཞིབ་འཇུག་གནང་སྟེ། ཁོང་གི་སྙན་ཐོ་ལྟར་ན་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༩༨ ཡིས་ལྷའི་སྤྱི་ཐབ་ཀྱི་ཞལ་ལག་གི་རྣམས་གྲངས་དང་། འཚོ་བཅུད་སོགས་ཀྱི་སྤུས་ཚད་ཀྱི་ཐད་ནས་བློ་ཁ་ཁེངས་པར་མ་ཟད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ལུགས་འཁོད་འདུག
སྤྱི་ཐབ་འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཟས་བཅུད་ལྡན་པའི་སྤྱི་ཐབ་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་དཀའ་ངལ་ཅན་གྱི་བོད་མི་རྣམས་ཀྱིས་སྤྱི་ཐབ་འདིའི་ནང་ཞལ་ལག་ཐེངས་རེ་མཆོད་པར་ཟས་རིན་ཧིན་སྒོར་ ༡༥ མ་གཏོགས་སྤྲོད་དགོས་ཀྱི་མེད་ཀྱང་། ཧིན་སྒོར་ ༡༥ ཡང་སྤྲོད་མི་ཐུབ་པའི་ཉམ་ཐག་ཁག་ཅིག་ལ་རིན་མེད་དུ་འབུལ་གྱི་ཡོད། ཡིན་ནའང་ཞལ་ལག་མཆོད་མཁན་ཚོའི་རེ་བ་ལྟར་ཕྱི་ལོ་ ༢༠༡༦ ནས་ཚང་མར་རིན་མེད་ཐོག་ཞལ་ལག་འབུལ་རྒྱུའི་འགོ་འཛུགས་བྱས་ཡོད། དེར་བརྟེན་རོགས་རམ་དགོས་ངེས་ཅན་གྱི་བཙན་བྱོལ་བ་མི་ཉུང་བ་ཞིག་གི་འཚོ་བའི་དཀའ་ངལ་སེལ་ཐུབ་པར་མ་ཟད། འཕྲོད་བསྟེན་ཡར་རྒྱས་ཡོང་བར་ཕན་ཐོགས་གང་ལེགས་ཡོང་གི་ཡོད། ཞབས་ཞུ་འདིའི་ཁེ་ཕན་འཐོབ་མཁན་ཚང་མས་ཁ་གཅིག་གྲག་གིས་སྤྱི་ཐབ་འདིའི་ནང་བཅུད་ལྡན་གྱི་ཞལ་ལག་དང་། ཤིང་ཏོག དྭངས་གཙང་གི་འཐུང་ཆུ་བཅས་ཀྱིས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག སྤྱི་ཐབ་ཐོག་མར་གསར་འཛུགས་སྐབས་ཁང་པ་བཟོ་བཅོས་དང་ཐབ་ཚང་གི་སྣོད་ཆས་སོགས་ཀྱི་འགྲོ་གྲོན་ཧིན་སྒོར་འབུམ་ ༢༥ བཏང་ཡོད་པ་དང་། ལོ་ལྟར་ཧིན་སྒོར་འབུམ་དྲུག་ཙམ་ཞལ་ལག་གི་ཆེད་དུ་འགྲོ་སོང་དང་། ད་བར་ཞལ་ལག་རང་གི་ཆེད་དུ་ཧིན་སྒོར་འབུམ་ ༤༢ ཙམ་དང་ལས་འཆར་སོགས་བསྡོམས་པའི་ཧིན་སྒོར་འབུམ ༦༧ ལྷག་ཙམ་འགྲོ་སོང་བཏང་ཡོད་པ་རེད།
སྤྱི་ཐབ་དུ་ཞལ་ལག་མཆོད་མཁན་གྱི་དགོངས་ཚུལ།
ང་བོད་དུ་སྐྱེས་ཤིང་ད་ལྟ་ལོ་ ༦༧ ཡིན། ༡༩༩༠ ཐམ་པའི་འགོ་སྟོད་དུ་རྒྱ་གར་ལ་ཡོང་བ་ཡིན། ལོ་དྲུག་ཙམ་རིང་ངས་ལྷའི་སྤྱི་ཐབ་ནས་ལྟོ་ཟོས་ཤིང་ཁོང་ཚོས་ཤ་མེད་ཞལ་ལག་གནང་གི་རེད། ལྷའི་སྤྱི་ཐབ་ལ་ཟས་རིན་སྤྲོད་མི་དགོས་ཤིང་། དུས་ཚོད་དང་སྒོར་མོ་སོགས་གང་གི་ཆ་ནས་རང་ངོས་ནས་ཟ་མ་བཟོ་རྒྱུར་དཀའ་ལས་ཁག་པོ་འདུག མི་མང་པོ་ཞིག་གིས་ཁོང་ཚོར་གོ་སྐབས་འདི་འདྲ་ཞིག་ཐོབ་པར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ལྟོ་བཟའ་བ་དང་སློབ་སྦྱོང་ཡང་བྱེད་ཆོག་གི་རེད། ང་ལ་ནང་མི་དང་། ལས་ཀ་སོགས་གང་ཡང་མེད་པ་མ་ཚད། ཡུན་རིང་གི་ན་ཚ་ཡོད་སྟབས་རྒྱུན་དུ་སྨན་བཟའ་དགོས་ཀྱི་ཡོད། ལྷའི་སྤྱི་ཐབ་ནས་གུས་པར་འཚོ་བཅུད་ལྡན་པའི་ལྟོ་ཆས་དུས་ཐོག་ཏུ་གནང་གི་ཡོད་པས་སེམས་ཀྱི་གཏིང་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།
ངག་དབང་དགེ་ལེགས་ཀྱིས།
ང་བོད་ཀྱི་གྲྭ་པ་ཞིག་ཡིན། ང་བོད་དུ་སྐྱེས་ཤིང་ ༢༠༠༡ ལོར་བཙན་བྱོལ་དུ་ཡོང་བ་ཡིན། ང་འཚལ་ལོངས་བྱེད་སའི་དགོན་པར་དེང་དུས་ཀྱི་ཤེས་ཡོན་དང་སློབ་གསོ་མེད་སྟབས་ངས་འདི་ནས་ཨིན་ཡིག་དང་ཀམ་པུ་ཊར་སྦྱོང་གི་ཡོད། ང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་རོགས་སྐྱོར་གང་ཡང་མེད་རྐྱེན་ལྷའི་སྤྱི་ཐབ་ནས་ལྟོ་བཟའ་བཞིན་ཡོད། འདས་པའི་ལོ་གཉིས་ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་གུས་པར་རྨང་གཞིའི་ཤེས་ཡོན་དང་། འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་བྱུང་བར་བཀའ་དྲིན་དྲན་བཞིན་ཡོད། བསམ་གྲུབ་ཀྱིས།
གཤག་བཅོས་ཐེངས་གཉིས་ཙམ་ལ་བྱས་ཤིང་། རྒྱུན་རིང་གི་ན་ཚ་རྙིང་པ་ཡོད་སྟབས་ལྷའི་སྤྱི་ཐབ་ནི་གུས་པར་ཕན་ཐོགས་པོ་ཡོད། ང་ལ་དཔལ་འབྱོར་གྱི་དཀའ་ངའ་མང་པོ་འཕྲད་བྱུང་ཞིང་། རྒྱ་གར་དུ་ནང་མི་ཡང་མེད། ལྷས་ང་ལ་རོགས་རམ་གང་ལེགས་གནང་བྱུང་བས་ལྷ་ནི་ངའི་ནང་མི་ལྟ་བུ་ཡིན། ངས་ལྷའི་བཀའ་དྲིན་དྲན་བཞིན་ཡོད་ལ་མ་འོངས་པར་སྒྲིག་འཛུགས་འདིའི་རྒྱབ་སྐྱོར་སྔར་བཞིན་ཐོབ་པའི་རེ་བ་ཡོད། ངས་ད་དུང་སྤྱི་ཚོགས་ནང་ལྷས་རོགས་པ་གནང་མྱོང་སའི་མི་མང་རྣམས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློ་གྲོས་བྱམས་པས།
བློ་བྷེ་ནི་ལྷའི་སྤྱི་ཐབ་ལ་ལྟོ་བཟའ་བར་ཡོང་ནས་ལོ་དྲུག་སོང་ཞིང་། མོ་ལ་མཚོན་ན་ལྷའི་སྤྱི་ཐབ་ཏུ་ཁ་ལག་ཟ་དུས་ནང་དུ་ཁ་ལག་བཟོ་མི་དགོས་ཤིང་། ཟས་སོང་དང་འཕྲོད་བསྟེན་སོགས་ལ་ཕན་ཐོགས་ཆེན་པོ་དང་། དེ་མ་ཚད་དཔལ་འབྱོར་མེད་པའི་དཀའ་སྡུག་ལ་རྒྱབ་སྐྱོར་བྱས་པ་དང་། ད་དུང་ལྷའི་སྤྱི་ཐབ་ནས་ཁོ་མོར་མུ་མཐུད་ནས་སྐད་ཡིག་འཛིན་གྲྭར་ཕྱིན་ནས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད།
ཚུལ་ཁྲིམས་བསྟན་འཛིན་གྱིས་ལྷའི་སྤྱི་ཐབ་ལས་ཉིན་གུང་ཞལ་ལག་མཆོད་ནས་ལོ་དྲུག་ཙམ་སོང་ཞིང་། ལྷ་རུ་ཨིན་ཡིག་དང་། རྒྱ་ཡིག་སྦྱོང་གི་ཡོད་ལ་དགོན་པའི་སློབ་སྦྱོང་ཡང་རྒྱུན་མཐུན་བཞིན་ཡོད། བསྟན་འཛིན་ནི་ལྷ་ནས་སྐར་མ་སུམ་ཅུ་ཙམ་གྱི་བར་ཐག་ཡོད་སར་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཉིན་གུང་ལྟོ་བཟོ་བར་ཕྱིར་ནང་དུ་འགྲོ་ཐུབ་ཀྱི་ཡོད་མ་རེད། ཟ་ཁང་དུ་བཟའ་མར་གོང་ཆེ་བས་ཟ་ཐུབ་ཀྱི་མེད་ཅིང་། སྤྱི་ཐབ་སྒོ་མ་ཕྱེ་པའི་སྔོན་དུ་ཉིན་གུང་འཛིན་གྲྭ་འགྲོ་བར་ཁོང་ལ་དཀའ་ངལ་ཡོད་པ་རེད། སྤྱི་ཐབ་ཀྱིས་ཁོ་རང་སློབ་སྦྱོང་རང་ལ་སེམས་གནས་པར་རོགས་རམ་བྱས་ཤིང་། བསྟན་འཛིན་གྱིས་ལྷའི་སྤྱི་ཐབ་ཀྱིས་ཁོང་གི་འཕྲོད་བསྟེན་ལ་ཡང་ཕན་ཐོགས་སོང་གསུངས་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༡ ནས་བཟུང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་དང་ས་གནས་ཡུལ་མིའི་སློབ་གྲྭ་ཁག་ལ་འཐུང་ཆུ་གཙང་བཟོའི་ཆུ་ཚགས་འཕྲུལ་ཆས (Reverse-osmosis) མཁོ་སྤྲོད་ཀྱིས་རོགས་རམ་བྱས་དང་བྱེད་བཞིན་ཡོད། ལས་གཞི་འདིའི་གཞི་རྩའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཡར་རྒྱས་ཡོང་ཐབས་དང་། ལྷག་པར་སློབ་ཕྲུག་ཚོའི་འཕྲོད་བསྟེན་ཡར་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཚད་ལྡན་ཡོང་བ། མི་མང་གིས་རིན་མེད་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཐུབ་པར་བཟོ་རྒྱུ།
དེ་ལ་བརྟེན་ནས་མ་འོངས་པར་མང་ཚོགས་ཚོའི་འཕྲོད་བསྟེན་ཡར་རྒྱས་དང་བདེ་ཐང་ཡོང་བར་ཕན་ཐོགས་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་སྟབས། འདས་པའི་ལོ་ལྔ་ལྷག་ཙམ་གྱི་དུས་ཡུན་རིང་ཧིན་སྒོར་འབུམ་སུམ་ཅུ་ལྷག་འགྲོ་སོང་བཏང་སྟེ་འཐུང་ཆུ་གཙང་མའི་འཕྲུལ་ཆས་གསར་འཛུགས་ཀྱི་ལས་གཞི་ཁག་ ༢༥ ལག་བསྟར་གྱིས་ལམ་ལྷོང་བྱུང་སྟེ། ད་བར་ཚོགས་པས་གསར་འཛུགས་བྱས་པའི་ཆུ་གཙང་བཟོའི་འཕྲུལ་ཆས་དེ་དག་གིས། ཁྱོན་མི་གྲངས་ ༡༥༧༠༠ ལྷག་ཙམ་ལ་འདང་ངེས་ཀྱི་དྭངས་གཙང་བཙགས་ཆུ་མཁོ་འདོན་ཐུབ་ཀྱི་ཡོད། མཐུང་ཆུ་གཙང་མའི་ལས་འཆར་ལག་བསྟར་བྱ་ཡུལ་ནི་རྒྱ་གར་སློབ་གྲྭ་བཞི་དང་། བོད་པའི་སློབ་གྲྭ་བཅུ་གཉིས། གཞིས་ཆགས་གསུམ། རྒན་གསོ་ཁང་གཅིག བཙུན་དགོན་གཅིག སྤྱི་ཐབ་གཉིས། སྨན་ཁང་གཅིག དཔེ་མཛོད་ཁང་གཅིག་བཅས་ཡིན་པ་རེད།
ཆུ་ཚགས་འཕྲུལ་ཆས་མ་ལག་ཕྱིར་འགྱུར་སིམ་འཇིག་ (Reverse-osmosis) དང་། ནག་རྫས་བཙོ་སྦྱངས་ (Activated Carbon)། ཉི་འོད་འགོག་ནུས་ (Ultra-violet) བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཆུ་ཚགས་འཕྲུལ་ཆས་ལྷུ་སྒྲིག་མ་ལག་དེར་ཆུ་ལི་ཊར་ ༥༠༠ ཡི་ཤོང་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་ཡོད་པ་དང་། དེས་ཆུ་ཉུང་ཉུང་དང་གློག་མེད་པའི་དུས་སྐབས་སུའང་ཆུ་གསོག་ཉར་དང་མཁོ་འདོན་ཐུབ་ཀྱི་ཡོད་ཅིང་། ལོ་ལྟར་ང་ཚོས་བཙུགས་ཟིན་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་ལ་བདག་གཅེས་སླད། འབྲེལ་ཡོད་ཁྱད་ལས་མི་སྣ་ཆེད་གཏོང་གིས་ཆུ་ཚགས་འཕྲུལ་ཆས་ཡོད་ཚད་བཟོ་བཅོས་དང་། ཆུ་ཚགས་བྱེད་ཀྱི་ཆ་ཤས་གཙོ་བོ་གསུམ་བརྗེ་པོ་རྒྱག་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་པ་དང་། ད་བར་ང་ཚོས་འཐུང་ཆུ་གཙང་བཟོའི་ལས་འཆར་འདིས་ཕན་འབྲས་ཇི་བྱུང་སྐོར་ལ་ཁྱད་ལས་ཞིབ་འཇུག་པའི་འགན་ཁུར་འོག་ཐེངས་གཉིས་ཙམ་དཔྱད་ཞིབ་བྱས་ཤིང་། ཕྱི་ལོ་ ༢༠༡༤ ལོར་འཇར་མན་ནས་ཡིན་པའི་ཞིབ་འཇུག་པ་ཇོ་ཧཱ་ནཱ་གྷ་ཊི་ནར་ (Johanna Gartner) གྱིས་ཆུ་ཚགས་འཕྲུལ་ཆས་དེ་དག་གིས་མི་མང་གི་འཕྲོད་བསྟེན་དང་བདེ་ཐང་ལ་ཕན་ཐོགས་ཇི་ལྟར་ཡོང་གི་ཡོད་མེད་ཞིབ་འཇུག་དང་རྒྱུས་ལོན་བྱས་ཏེ་ས་གནས་དེ་དག་ལ་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་རྗེས་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་རྒྱུ་བྱུང་བ་སྨྲོས་མེད་ཁར། ཁོང་ཚོའི་འཕྲོད་བསྟེན་བདེ་ཐང་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་འདུག་སྟབས། ཚོགས་པའི་ཐོག་མའི་དམིགས་ཡུལ་ཇི་བཞིན་ལས་དོན་འདི་ལམ་ལྷོངས་དང་གྲུབ་འབྲས་ལྡན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
ང་ཚོས་ཐུང་ཆུ་གཙང་བཟོའི་ལས་འཆར་འདི་གནད་འགག་ཆེ་བ་ཞིག་ལ་ངོས་འཛིན་གྱིས། ཡང་བསྐྱར་ཕྱི་ལོ་ ༢༠༡༦ ལོར་གོ་ལའི་ཟས་བཅུད་དང་འཕྲོད་བསྟེན་སྐོར་གྱི་དམིགས་བསལ་མི་མང་གི་ཟས་བཅུད་འཕྲོད་བསྟེན་དང་ཟས་རིགས་ཀྱི་སྲིད་བྱུས་སྐོར་ཉམས་ཞིབ་གནང་མཁན། ང་ཚོའི་དྭང་བླངས་ལས་བྱེད་ཨོ་སི་ཁྲུའུ་ལི་ཡ་ནས་ཡིན་པའི་བུ་མོ་ཨ་ཤེ་ལི་སུ་མར་སི་ (Ashley Summers) ལགས་དང་། ཌན་མག་ནས་ཡིན་པའི་བུ་མོ་ཊན་ནི་ཁེ་ལཱ་སོན་ (Tine Niklasson) རྣམ་གཉིས་ཀྱིས་དཔྱད་ཞིབ་ཆ་ཚང་བྱས་ཏེ་ལས་འཆར་དེའི་ཐོག་སྙན་ཐོ་ཞིག་བཏོན་ཡོད། ཁོང་གཉིས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་ལྟར་ན། དགེ་རྒན་བརྒྱ་ཆ་ ༦༠ ཡིས་འཐུང་ཆུ་གཙང་བཟོ་བྱེད་སའི་འཕྲུལ་ཆས་གསར་འཛུགས་བྱས་པའི་རྗེས་སུ་འཛིན་གྲྭར་ཞུགས་མཁན་སློབ་ཕྲུག་སྔར་ལས་ཇེ་མང་དུ་ཕྱིན་སོང་ཞེས་གསུངས་འདུག་པ་དང་། སློབ་ཕྲུག་བརྒྱ་ཆ་ ༧༩ ཡིས་གཙང་བཟོ་བྱས་པའི་ཆུ་ལོངས་སུ་སྤྱོད་རྒྱུ་བྱུང་རྗེས་ཁོང་ཚོའི་གཟུགས་པོའི་བདེ་ཐང་དང་འཕྲོད་བསྟེན་ཡར་རྒྱས་ཕྱིན་སོང་ཞེས་ལན་འདེབས་གནང་འདུག་པས། དེས་ན་ལས་གཞི་འདིས་ཐོག་མའི་རེ་བ་དང་འཆར་གཞི་ལྟར་འགྲོ་སོང་བཏང་བ་གཞིར་བཟུང་ཕན་ཐོགས་ངེས་ཅན་ཡོང་གི་ཡོད་པ་གོང་གསལ་ཁྱད་ལས་པ་ཚོའི་དཔྱད་ཞིབ་སྙན་ཐོ་ནས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ལོ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནང་ཁང་གིས་དྷ་རམ་ས་ལར་གནས་སྡོད་སྐྱབས་བཅོལ་བོད་མི་གཙོས་ས་གནས་རྒྱ་གར་མི་མང་མི་ཉུང་བ་ཞིག་ལ་རིན་མེད་མིག་བརྟག་དཔྱད་དང་འབྲེལ། རིན་མེད་མིག་ཤེལ་གསར་བཟོའི་ལས་འཆར་ཞིག་ལག་བསྟར་བྱས་ཤིང་། ཐོག་མར་ས་གནས་མིག་གི་སྨན་པ་ལྷའི་ཡིག་ཚང་ནང་ཆེད་དུ་གདན་འདྲེན་ཞུས་ཏེ། མི་མང་ལ་མིག་བརྟག་དཔྱད་བྱས་པས་མ་ཚད། ས་གནས་སྨན་ཁང་གི་སྨན་པས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། ཁྱོན་མི་གྲངས་ ༥༧༧ ཙམ་ལ་རིན་མེད་མིག་བརྟག་དཔྱད་དང་མི་གྲངས་ ༤༤༥ ལ་རིན་མེད་ཐོག་ནས་མིག་ཤེལ་བཟོས་ཡོད། ལོ་ལྟར་ཁྱོན་མི་གྲངས་ ༡༠༠ ཡས་མས་ཤིག་གི་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོ་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་ནས་བཟུང་སྦིར་ས་གནས་སུ་ལས་འཆར་འདི་ལག་བསྟར་གྱིས་དེར་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་སོགས་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། ལས་གཞི་འདིའི་མིག་གི་བདེ་ཐང་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་ཅིང་། ད་བར་མི་གྲངས་ ༡༢༠༠ ཙམ་ལ་ཕན་ཐོགས་བྱུང་ཡོདཔ་དང་། ལས་འཆར་འདི་ནི་ས་གནས་ཀྱི་མིག་གི་སྨན་ཁང་དང་། ཚོགས་པའི་རིག་གཞུང་བརྗེ་རེས་གནང་མཁན་སྨན་གྱི་སློབ་ཕྲུག་དང་ཁྱད་ལས་དྭང་བླངས་པ་རྣམས་དང་མཉམ་ལས་ཀྱིས་སྒྲུབ་ཀྱི་ཡོད་པ་རེད།
ཚོགས་པས་གཉན་ནད་རེག་དུག་སྐོར་གོ་རྟོགས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་ལྟར། རེག་དུག་ན་ཚའི་སྐོར་མཁྱེན་རྟོགས་སླད་བོད་ཨིན་ཧིན་གསུམ་ནང་མི་མང་ལ་འགྲེམས་སྤེལ་དང་། གཉན་ནད་རེག་དུག་ནི་བོད་པའི་སྤྱི་ཚོགས་ནང་དར་ཁྱབ་འགྲོ་བཞིན་པའི་ཧ་ཅང་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན། འགོས་ཁྱབ་བཀག་འགོག་སོགས་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡ འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར། “གཉན་ནད་རེག་དུག་སྔོན་འགོག་དང་བཅོས་ཐབས་ལ་བར་ཐག་ཉེ་རུ་ཐོངས་” ཞེས་པའི་འབོད་ཚིག་འོག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་བདེ་ལེགས་སྨན་ཁང་། ཀུན་ཕན་ཚོགས་པ་བཅས་མཉམ་འབྲེལ་གྱིས་གོ་རྟོགས་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། རིན་མེད་སྲུང་ཤུབ་ “འགྱིག་ཤུབ་” དང་རྒྱ་བོད་ཨིན་གསུམ་གྱི་ཡིག་ཆ་འགྲེམས་སྤེལ་གྱིས་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་ཡུལ་སྐོར་བ་བཅས་ཁྱོན་མི་གྲངས་ ༨༠༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། མ་ཚད་གཉན་ནད་རེག་དུག་སྐོར་གོ་རྟོགས་ཁྲོམ་སྐོར་སྐབས་ལག་ཏུ་ཨིན་བོད་གཉིས་ལྡན་གྱི་གོ་རྟོགས་ཡི་གེ་དང་འབོད་ཚིག་སྣ་ཚོགས་བཟུང་བ་དང་། “ནད་འབུ་མ་སྤེལ་གོ་རྟོགས་སྤེལ་” “སྲུང་ཤུབ་གྱོན་ནས་སྔོན་འགོག་བྱོས་”ཞེས་སོགས་སྐད་འབོད་བྱས་པ་དང་། དུས་མཚུངས་དྷ་ས་བདེ་ལེགས་ཡན་ལག་སྨན་ཁང་དུ་མི་གྲངས་ ༦༠ ལ་གཉན་ནད་རེག་དུག་དང་། མཆིན་པའི་གཉན་ཚད་ཀྱི་ན་ཚ་ཡོད་མེད་རིན་མེད་ཁྲག་བརྟག་དཔྱད་དང་། ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་བྱེད་བསྟན་འཛིན་ཟླ་མཛེས་ལགས་ཀྱིས་གཉན་ནད་རེག་དུག་སྐོར་མི་མང་ ༣༠ ཙམ་ལ་གཏམ་བཤད་དང་གཉན་ནད་རེག་དུག་སྐོར་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༦ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ལྷའི་སྐད་ཡིག་འཛིན་གྲྭ་ཁག་གི་སློབ་མ་རྣམས་ལ་གཉན་ནད་རེག་དུག་སྐོར་གོ་རྟོགས་སྤེལ་སྐབས། སློབ་མ་ ༤༠ ཙམ་མཉམ་ཞུགས་ཀྱིས་དྲི་བ་དྲིས་ལན་སོགས་བྱས་པ་རེད།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་། བདེ་ལེགས་སྨན་ཁང་དེ་བཞིན་རུ་ཊར་རེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གསུམ་མཉམ་འབྲེལ་གྱིས་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་བྱས་ཤིང་། སྐབས་དེར་སྔོན་འགོག་ཆེད་གཏམ་བརྗོད་ཐེངས་གཉིས་ཙམ་འཁྲབས་པར་མ་ཟད། རིན་མེད་སྲུང་ཤུབ་ “འགྱིག་ཤུབ་” དང་རྒྱ་བོད་ཨིན་གསུམ་གྱི་ཡིག་ཆ་འགྲེམས་སྤེལ་གྱིས་བོད་མི་དང་། རྒྱ་གར་བ། ཕྱི་རྒྱལ་ཡུལ་སྐོར་བ་བཅས་ཁྱོན་མི་གྲངས་ ༡༠༠༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།
གཉན་ནད་རེག་དུག་སྐོར་གོ་རྟོགས་ཁྲོམ་སྐོར་སྐབས་ལག་ཏུ་ཨིན་བོད་གཉིས་ལྡན་གྱི་གོ་རྟོགས་ཡི་གེ་དང་འབོད་ཚིག་སྣ་ཚོགས་བཟུང་སྟེ། སྐད་འབོད་བྱས་པ་དང་། དྷ་ས་བདེ་ལེགས་ཡན་ལག་སྨན་ཁང་དུ་མི་གྲངས་ ༤༠ ལ་གཉན་ནད་རེག་དུག་དང་། མཆིན་པའི་གཉན་ཚད་ཀྱི་ན་ཚ་ཡོད་མེད་རིན་མེད་ཁྲག་བརྟག་དཔྱད་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ལོར་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་གྱི་ལས་འཆར་འགོ་འཛུགས་བྱས་ཤིང་། འཛམ་གླིང་ནང་རང་བྱུང་ཁོར་ཡུག་གི་གནས་སྟངས་དེ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ནས་སའི་གོ་ལར་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་དུ་གྱུར་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་རྒྱལ་སྤྱིའི་ཁྱོན་ལ་ཆེས་གལ་གནད་ཆེ་བའི་དཀའ་ཚེགས་ཅན་གྱི་ལས་དོན་ཞིག་ལ་བརྩི་བཞིན་ཡོད་པ་དང༌། རང་བྱུང་ཁོར་ཡུག་ལ་གནོད་འཚེ་དང་གཏོར་བཤིག་བཏང་ན་སླར་གསོ་རྩ་བ་ནས་བྱེད་མི་ཐུབ་ཅིང་། ཡང་ན་སླར་གསོ་བྱེད་པར་དུས་ཡུན་ལོ་ངོ་བཅུ་ཕྲག་འགའ་ཤས་འགོར་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་འཆར་འགོད་ལྷན་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང༌། འབྲེལ་ཡོད་ཚོགས་སྡེ། དེ་བཞིན་འགན་ཁུར་ལྡན་པའི་སྐྱེ་འགྲོ་མང་པོས་འོས་འགན་ཆེན་པོ་བླངས་ཏེ་སྲུང་སྐྱོབ་ཞུ་སྒོའི་ལས་དོན་དང༌། རང་བྱུང་ཁོར་ཡུག་ལ་བདག་གཅེས་ལེགས་པོ་དང་དོ་མཉམ་ལྡན་པ་ཞིག་ཡོང་ཕྱིར་བརྒྱུད་ལམ་འདྲ་མིན་བརྒྱུད་དེ་གོ་རྟོགས་ལས་འགུལ་སྣ་མང་གོ་སྒྲིག་གིས་འགྲོ་གྲོན་ཆེས་མང་པོ་གཏོང་བཞིན་ཡོད།
འཛམ་གླིང་ཡང་རྩེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ནི་འཛམ་གླིང་ཁོར་ཡུག་གི་གལ་ཆེའི་གྲུབ་ཆ་དང་གནས་བབས་ངེས་ཅན་ཞིག་བཟུང་ཡོད་པས། བོད་པའི་སྤྱི་ཚོགས་ལ་མཚོན་ན་སྲོལ་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་བའི་འདུ་ཤེས་ཧ་ཅང་གཏིང་ཟབ་པོ་ཡོད་ནའང༌། ཉེ་བའི་ལོ་ཤས་ནང་འཛམ་གླིང་ཁྱོན་ལ་དཔལ་འབྱོར་འགྲན་རྩོད་དང་ཚན་རིག་ལག་རྩལ་གོང་འཕེལ་གྱིས་བོད་པའི་སྤྱི་ཚོགས་ནང་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་སྲོལ་བཟང་པོ་དག་ཉམས་རྒུད་འགྲོ་བཞིན་པར་བརྟེན། བོད་མི་རྣམས་ལ་གནའ་དེང་གཉིས་ཀའི་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱ་ཆ་ཚང་བ་ཞིག་ཤེས་རྟོགས་ངེས་པར་ཡོད་དགོས་པའི་འགན་འཁྲི་ལྡན་ཡོད་པ་དང༌། དེའི་རིགས་ཤེས་རྟོགས་ཐུབ་པའི་བརྒྱུད་ལམ་ནི་མི་རིགས་རང་ཉིད་ཀྱི་སྐད་ཡིག་ནང་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱའི་སྐོར་འཐུས་སྒོ་ཚང་བ་ཞིག་ཡོད་དགོས། དེར་བརྟེན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་ (www.tibetnature.net) བོད་ཨིན་སྐད་ཡིག་གཉིས་ལྡན་གྱི་དྲ་ཚིགས་གསར་བཟོས་ཀྱིས། བོད་ཀྱི་ཁོར་ཡུག་དང་།
རྒྱལ་སྤྱིའི་ཁོར་ཡུག སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྐོར། རང་བྱུང་ཐོན་ཁུངས། སྣེ་མོ་གསུམ་པ། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་གྱིས་ཁོར་ཡུག་ཀྱི་གནས་ཚུལ་དང་ཤེས་བྱ་སོགས་མི་མང་ལ་ཁོར་ཡུག་སྐོར་གོ་རྟོགས་སྤེལ་གྱི་ཡོད་པར་མ་ཟད། ལོ་ལྟར་འཛམ་གླིང་ཁོར་ཡུག་ཉིན་མོར་ལས་འགུལ་འདྲ་མིན་སྤེལ་ཏེ་ཁོར་ཡུག་ཤེས་བྱའི་གོ་རྟོགས་གོང་མཐོར་ཡོང་ཐབས་བྱེད་བཞིན་པ་དང་། དེ་བཞིན་ཟླ་རེའི་ཁོར་ཡུག་གཙང་བཟོའི་ལས་འགུལ་གོ་སྒྲིག་གིས་མཚམས་རེ་དྷ་སའི་ས་གནས་འགོ་འཛིན་ལས་ཁུངས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁག་དང་མཉམ་དུ་དྷ་ས་མེ་གྷན་ནས་གད་སྙིགས་བསྡུ་རུབ་ཀྱིས་གཙང་བཟོ་དང་། བོད་ཨིན་ཧིན་གསུམ་ནང་ཁོར་ཡུག་སྲུང་སྐྱོབ་དང་གད་སྙིགས་གཙང་བཟོ། སྔོ་ལྗང་ཅན་དུ་འགྱུར་རྒྱུའི་ཆེད་ཡིག་ཆའི་རིགས་རིན་མེད་འགྲེམས་སྤེལ་གྱིས་གོ་རྟོགས་ལས་འགུལ་སྤེལ་མུས་ཡིན་ལ། ང་ཚོའི་ཁོར་ཡུག་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་སོགས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་གྱི་ཡོད། ད་བར་དྲ་ཚིགས་ཐོག་བོད་ཨིན་གཉིས་ནང་ཁོར་ཡུག་སྐོར་གྱི་ཆེད་རྩོམ་དང་སྒྱུར་རྩོམ། དེ་བཞིན་གནས་ཚུལ་སོགས་གྲངས་ ༦༠༠ ཙམ་འགོད་སྤེལ་བྱས་ཡོད།
དེར་མ་ཚད་ལྷའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཡར་རྒྱས་གཏོང་ཆེད་ཕྱི་ལོ་ ༢༠༡༤ ལོར་མེག་ལོར་ས་གནས་སུ་ཡོད་པའི་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་སོགས་གཉེར་མཁན་རྣམས་ཀྱི་བསམ་ཚུལ་བསྡུ་རུབ་དང་འབྲེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། ས་གནས་རྫོང་དཔོན། གྲོང་སྡེ་ལས་ཁུངས། ཤིང་ནགས་ལས་ཁུངས་བཅས་ལ་ཞིབ་འཇུག་སྙན་ཐོ་འགོད་འབུལ་གྱིས་དྷ་ས་དང་མེག་ལོར་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཐོག་འགན་ཁུར་མང་ཙམ་བཞེས་དགོས་པའི་འབོད་སྐུལ་ཞུས་ཡོད།
ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ སྟེ་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་རང་རེའི་སྤྱི་ཚོགས་སུ་གོ་རྟོགས་དང་དོ་སྣང་སྔར་ལྷག་ཡོང་ཆེད། ལྷའི་སྐད་ཡིག་འཛིན་གྲྭའི་ནང་ཁུལ་དུ་ “མི་རྣམས་རང་བྱུང་ཁམས་དང་འབྲེལ་མཐུད་བྱེད་པ་” ཞེས་པའི་བརྗོད་གཞིའི་ཐོག་བོད་ཡིག་དང་ཨིན་ཡིག་གཉིས་ཀྱི་ནང་རྩོམ་ཡིག་འགྲན་སྡུར་ཐོག་མ་དེ་གོ་སྒྲིག་བྱས་ཤིང་། རྩོམ་ཡིག་འགྲན་སྡུར་འདིར་ཆ་ཤས་བླངས་ཏེ་བོད་ཡིག་ནང་རྩོམ་འབྲི་མཁན་སློབ་ཕྲུག་གྲངས་ ༡༥ དང་། ཨིན་ཡིག་ནང་ ༡༠ བྱུང་ཞིང་བསྡོམས་པའི་སློབ་ཕྲུག་གྲངས་ ༢༥ ཡིས་སྐབས་དེའི་རྩོམ་ཡིག་འགྲན་སྡུར་ལ་མཉམ་ཞུགས་གནང་ཡོད།
ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་གང་ལེགས་སྤེལ་བར་བརྟེན་ཕྱི་ལོ་ ༢༠༡༦ ལོར་དྷ་སའི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་འདིས་ཕན་ཐོགས་རྒྱ་ཆེར་ཡོང་གི་ཡོད་པའི་ལེགས་གསོལ་གཟེངས་རྟགས་ཤིག་ཀྱང་རག་ཡོད་པ་རེད།
ལྷའི་དྭང་བླངས་པ་དང་ཡུལ་སྐོར་བའི་ས་ནས་གྱོན་གོས་གསར་པ་དང་རྙིང་པ་སོགས་ཞལ་འདེབས་བསྡུ་བའི་ལས་གཞི་འདི་ཚོགས་པ་གསར་འཛུགས་སྐབས་ནས་འགོ་འཛུགས་བྱས་ཡོད་པ་དང་། གྱོན་གོས་དེ་དག་དགོས་མཁོ་ཅན་དང་མཐུན་རྐྱེན་ཞན་པའི་གྲོང་གསེབ་ཏུ་མི་སྒེར་དང་། སློབ་གྲྭ་ཁག་གཙོས་ས་གནས་ཀྱི་སྐྱབས་བཅོལ་བོད་མི་དང་། རྒྱ་གར་ཡུལ་མི། དེ་བཞིན་དྷ་སའི་ས་གནས་རུ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་ལོ་ལྟར་རིན་མེད་གྱོན་གོས་བགོ་འགྲེམ་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། ད་བར་གྱོན་གོས་གསར་རྙིང་གྲངས་ ༣༨༠༤༧ ཙམ་རིན་མེད་བགོ་འགྲེམས་བྱས་ཡོད་ཅིང་། དེའི་ནང་ཕྲུ་གུའི་རྩེད་ཆས་དང་། ཉལ་ཆས། ལྷམ། ཕོ་མོའི་དབྱར་དགུན་གྱི་གྱོན་གོས་སོགས་ཡོད། དེ་དག་ནི་གཏོང་ཕོད་ཅན་གྱི་མི་སྒེར་བ་དང་། ཚོགས་པ་སོགས་ཀྱིས་ཞལ་འདེབས་གནང་བ་ཤ་སྟག་ཡིན། ཤེས་རྟོགས་བྱུང་བ་ལྟར་ན་དམིགས་བསལ་དགོས་མཁོ་ཡོད་པ་དང་དཀའ་ངལ་ཅན་རྣམས་ལ་ཕན་ཐོགས་གང་ལེགས་ཡོང་གི་ཡོད་པ་རེད་འདུག
ཉེ་བའི་ལོ་འགའ་ཤས་ནང་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་ “བྱམས་པ་གླིང་རྒས་གསོ་ཁང་” ལའང་རོགས་རམ་མི་ཉུང་བ་ཞིག་བྱེད་ཐུབ་པ་བྱུང་ཡོད། རྒས་གསོ་ཁང་འདིའི་ནང་ཡོད་པའི་རྒས་འཁོགས་དེ་དག་ནི་དམག་མི་ཟུར་པ་དང་། གཉེན་ཉེ་བུ་རྒྱུད་སོགས་མེད་མཁན་དེ་འདྲ་རེད། འོན་ཀྱང་རྒས་གསོ་ཁང་འདི་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་ཅིང་། ཕྱི་ནང་གི་མཐུན་རྐྱེན་སོགས་གང་ཅིའི་ཐད་ཡག་པོ་དང་འཐུས་སྒོ་ཚང་པོ་ཡོད་ནའང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་ལས་གཞི་སོགས་གཞི་རྒྱ་ཆེན་པོ་དང་ལྷག་པར་ལས་དོན་ཁག་གཞུང་གི་ཁྲིམས་སྒྲིག་དང་བསྟུན་དགོས་པས་ཕྲལ་དུ་ལག་བསྟར་མ་ཐུབ་པ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་ཚོགས་པས་སྦྱིན་བདག་བཙལ་འཚོལ་གྱིས་གཤམ་གསལ་ལས་འཆར་དེ་རིགས་རོགས་རམ་དང་ལག་བསྟར་བྱས་པ་ཞིག་རེད།
རྒས་གསོ་ཁང་འདིར་རྒས་འཁོགས་མི་གྲངས་ ༡༣༠ ཙམ་ཡོད་པ་རྣམས་ལ་ནམ་དུས་དགུན་ཁར་སླེབས་པ་དང་བསྟུན་ང་ཚོའི་ཚོགས་པས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་རྒས་འཁོགས་རེར་སྤྲིན་བལ་གྱི་མལ་གོས་རེ་བགོ་འགྲེམ་བྱས་ཤིང་། དེ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། དྲུང་འཕར་ཚེ་དབང་སྒྲོལ་མ་དང་འབྲེལ་ཡོད་ལས་བྱེད་སོགས་ཆེད་ཕེབས་ཀྱིས་རྒས་འཁོགས་རེ་རེའི་ཕྱག་ཏུ་ཉལ་ཆས་གསར་པ་རེ་ཕུལ་ཞིང་། ཉལ་ཆས་དེ་དག་ནི་སྤྲིན་བལ་དང་ཕྱི་ཤུབ་གཉིས་ཀ་རྒྱུས་སྤུས་ལེགས་ཤོས་གྲས་ཡིན་པ་རེད།
གཞན་ཡང་ཕྱི་ལོ་ ༢༠༡༣ ལོར་ཚོགས་པས་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་ལ་ཞལ་ལག་བཟོ་སའི་སྣོད་ཧ་ཡང་ཁ་ཞེང་ཨིན་ཆི་(Inches) ༥༤ ཅན་ཞིག་ཞལ་འདེབས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་རྒས་གསོ་ཁང་དེའི་ནང་རྒས་འཁོགས་རྣམས་ལ་རྒྱུན་དུ་འཐུང་ཆུ་དང་། ཞལ་ལག་བཟོ་སྐོལ་སོགས་ཀྱི་ཆེད་ཆུ་ཚགས་འཕྲུལ་ཆས་ཆེན་པོ་ཞིག་གསར་འཛུགས་བྱས།
༢༠༡༥ ལོའི་ཟླ་ ༡༠ པའི་ཚེས་ ༥ ཉིན་རྒས་འཁོགས་ནད་པ་རྣམས་ལ་ངར་ལྕགས་ཀྱི་ཚ་དམ་གྲངས་ ༢༥ ཞལ་འདེབས་སྤྲད་པ་དང་། དེ་དང་དུས་མཚུངས་སུ་རྒས་གསོ་ཁང་གི་རྒས་འཁོགས་དང་ལས་བྱེད་ཡོངས་ལ་ལག་དངུལ་ཧིན་སྒོར་ ༥༠༠ རེ་བཅས་ཁྱོན་ཧིན་སྒོར་དྲུག་ཁྲི་ ༦༠༠༠༠ ཙམ་ཞལ་འདེབས་སྤྲད་པས་མ་ཚད། དེ་བཞིན་རྒས་གསོ་ཁང་གི་སྒོ་དང་སྒེའུ་ཁུང་ཡོངས་ལ་རས་ཡོལ་གསར་བཟོའི་རོགས་རམ་སོགས་བྱས་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ཏེ་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་༼སྐྱབས་བཅོལ་བོད་མིའི་སྤྱི་ཐབ་༽འདི་གསར་དུ་སྒོ་ཕྱེས་ཤིང་། དེ་ཡང་སྤྱི་ཐབ་འདི་འདྲ་ཞིག་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད།
དང་པོ། ང་ཚོ་སྐྱབས་བཅོལ་བའི་གནས་བབས་འོག་ཟས་གོས་སོགས་དཀའ་ངལ་ཡོད་མཁན་མི་ཉུང་བ་ཞིག་ཡོད་པས་ཉམ་ཐག་མི་མང་གི་དཀའ་ངལ་སེལ་ཆེད་དང༌། གཉིས་པ། ང་ཚོའི་སྤྱི་ཚོགས་ནང་ནད་རིགས་མང་པོ་ཞིག་ཟས་བཅུད་མི་འདང་བའི་དཀའ་ངལ་ལ་བརྟེན་ནས་ཡོང་གི་ཡོད་པས། ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་སྤྱི་ཐབ་འདི་སྒོ་ཕྱེས་པ་ཡིན། ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་རོགས་རམ་དགོས་ངེས་ཅན་གྱི་མི་གྲངས་ ༥༠ ནས་ ༦༠ བར་ལ་བདུན་རེའི་གཟའ་སྤེན་པ་དང་ཉི་མ་ཕུད། ཉིན་ལྟར་གུང་ཚིགས་འབུལ་བཞིན་པ་ལྟར། ང་ཚོས་ཉིན་ལྟར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱར་གྱི་ཡོད། སྤྱི་ཐབ་སྒོ་ཕྱེས་པ་ནས་བཟུང་ད་ལྟའི་བར་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༦༤༦ ལ་ཕན་ཐོགས་བྱུང་ཡོད་པ་དང་། ང་ཚོས་སྤྱི་ཐབ་ཀྱི་ཞབས་ཞུའི་ཡར་རྒྱས་དང་ཕན་ཐོགས་ཇི་ལྟར་ཡོང་གི་ཡོད་མེད་སྐོར་ཞིབ་འཇུག་དང། ཕྱི་ལོ་ ༢༠༡༣ དང་། ༢༠༡༤ ༢༠༡༦ བཅས་ལ་ཁྱད་ལས་ཞིབ་འཇུག་པས་ཞིབ་འཇུག་ཐེངས་གསུམ་བྱས་ཤིང་། ༢༠༡༣ ལོའི་ཞིབ་འཇུག་སྙན་ཐོའི་ནང་གསལ་ལྟར་ན། ཞལ་ལག་མཆོད་མཁན་མང་ཆེ་བ་ཁོ་རང་ཚོར་དཔལ་འབྱོར་གྱི་དཀའ་ངལ་འོག་ཚོགས་པའི་སྤྱི་ཐབ་ཀྱི་ཁེ་ཕན་འདི་ལེན་གྱི་ཡོད་ཚུལ་དང་། སྤྱི་ཐབ་ཀྱི་ཞལ་ལག་གིས་ཁོང་ཚོའི་འཕྲོད་བསྟེན་དང་འཚོ་བ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།
ཕྱི་ལོ ༢༠༡༤ ཟླ་ ༡༢ པའི་ནང་དྭང་བླངས་པ་ཁག་གཅིག་གིས་སྤྱི་ཐབ་སྐོར་ཞིབ་འཇུག་བྱས་པ་བརྒྱུད། སྙན་ཐོའི་ནང་ཁྱོན་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༩༦ གི་སྤྱི་ཐབ་ཀྱི་ཁ་ལག་གིས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་ལུགས་དང་། མི་གྲངས་བརྒྱ་ཆ་ ༨༧ གྱིས་ཁོང་ཚོ་སྤྱི་ཐབ་འདིའི་ནང་ཞལ་ལག་མཆོད་དོན་ནི་དཔལ་འབྱོར་གྱི་དཀའ་ངལ་ཡིན་ཚུལ་སོགས་འགྲེལ་བརྗོད་གནང་འདུག དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། དྭང་བླངས་པ་དང་སྤྱི་ཚོགས་དཔྱད་ཞིབ་ཁྱད་ལས་པ་ཐྲོ་ཌི་ཌལིའུ་རཱལ་སི་ (Todd W Rawls, a survey sociologist) ལགས་ཀྱིས་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་མི་གྲངས་ ༤༠ སྐོར་ཞིག་ལ་ཞིབ་འཇུག་གནང་སྟེ། ཁོང་གི་སྙན་ཐོ་ལྟར་ན་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༩༨ ཡིས་ལྷའི་སྤྱི་ཐབ་ཀྱི་ཞལ་ལག་གི་རྣམས་གྲངས་དང་། འཚོ་བཅུད་སོགས་ཀྱི་སྤུས་ཚད་ཀྱི་ཐད་ནས་བློ་ཁ་ཁེངས་པར་མ་ཟད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ལུགས་འཁོད་འདུག
སྤྱི་ཐབ་འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཟས་བཅུད་ལྡན་པའི་སྤྱི་ཐབ་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་དཀའ་ངལ་ཅན་གྱི་བོད་མི་རྣམས་ཀྱིས་སྤྱི་ཐབ་འདིའི་ནང་ཞལ་ལག་ཐེངས་རེ་མཆོད་པར་ཟས་རིན་ཧིན་སྒོར་ ༡༥ མ་གཏོགས་སྤྲོད་དགོས་ཀྱི་མེད་ཀྱང་། ཧིན་སྒོར་ ༡༥ ཡང་སྤྲོད་མི་ཐུབ་པའི་ཉམ་ཐག་ཁག་ཅིག་ལ་རིན་མེད་དུ་འབུལ་གྱི་ཡོད། ཡིན་ནའང་ཞལ་ལག་མཆོད་མཁན་ཚོའི་རེ་བ་ལྟར་ཕྱི་ལོ་ ༢༠༡༦ ནས་ཚང་མར་རིན་མེད་ཐོག་ཞལ་ལག་འབུལ་རྒྱུའི་འགོ་འཛུགས་བྱས་ཡོད། དེར་བརྟེན་རོགས་རམ་དགོས་ངེས་ཅན་གྱི་བཙན་བྱོལ་བ་མི་ཉུང་བ་ཞིག་གི་འཚོ་བའི་དཀའ་ངལ་སེལ་ཐུབ་པར་མ་ཟད། འཕྲོད་བསྟེན་ཡར་རྒྱས་ཡོང་བར་ཕན་ཐོགས་གང་ལེགས་ཡོང་གི་ཡོད། ཞབས་ཞུ་འདིའི་ཁེ་ཕན་འཐོབ་མཁན་ཚང་མས་ཁ་གཅིག་གྲག་གིས་སྤྱི་ཐབ་འདིའི་ནང་བཅུད་ལྡན་གྱི་ཞལ་ལག་དང་། ཤིང་ཏོག དྭངས་གཙང་གི་འཐུང་ཆུ་བཅས་ཀྱིས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག སྤྱི་ཐབ་ཐོག་མར་གསར་འཛུགས་སྐབས་ཁང་པ་བཟོ་བཅོས་དང་ཐབ་ཚང་གི་སྣོད་ཆས་སོགས་ཀྱི་འགྲོ་གྲོན་ཧིན་སྒོར་འབུམ་ ༢༥ བཏང་ཡོད་པ་དང་། ལོ་ལྟར་ཧིན་སྒོར་འབུམ་དྲུག་ཙམ་ཞལ་ལག་གི་ཆེད་དུ་འགྲོ་སོང་དང་། ད་བར་ཞལ་ལག་རང་གི་ཆེད་དུ་ཧིན་སྒོར་འབུམ་ ༤༢ ཙམ་དང་ལས་འཆར་སོགས་བསྡོམས་པའི་ཧིན་སྒོར་འབུམ ༦༧ ལྷག་ཙམ་འགྲོ་སོང་བཏང་ཡོད་པ་རེད།
ཕྱི་ལོ་ ༢༠༡༡ ནས་སོ་གཙང་བཟོ་དང་བཟོ་བཅོས་ཀྱི་ལས་གཞི་འདི་འགོ་འཛུགས་ཀྱིས། སོ་གཙང་བཟོའི་ལས་འཆར་འོག ཁྱོན་མི་གྲངས་ ༥༤༠ ཙམ་གྱི་སོ་བརྟག་དཔྱད་དང་གཙང་བཟོ་སོགས་བྱས་ཡོད། སོ་བརྟག་དཔྱད་ཀྱི་ལས་འཆར་དེས་སོ་གཙང་བཟོ་དང་བཟོ་བཅོས་སོགས་ཀྱི་མི་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་དགོངས་ཚུལ་ཤོད་མཁན་བྱུང་ལ། དྷ་ས་ཁུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མི་དང་ས་གནས་རྒྱ་གར་གྱི་སྤྱི་ཚོགས་ནང་། རིན་མེད་སོ་བརྟག་དཔྱད་དང་གསར་བཟོ་ནི་དཀའ་ངལ་ཡོད་པའི་མི་མང་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་ལ། སོ་གཙང་བཟོ་དང་བཟོ་བཅོས་ལས་གཞི་འདིས་སོའི་འཕྲོད་བསྟེན་དང་བདེ་ཐང་ལ་ཕན་ཐོགས་ངེས་ཅན་བྱུང་ཡོད།
སོ་གཙང་བཟོ་དང་བཟོ་བཅོས་སོགས་ཀྱི་རོགས་རམ་ལས་འཆར་འོག་སོའི་བདེ་ཐང་ལ་ཕན་ཐོགས་གང་ལེགས་ཡོང་གི་ཡོད་ཅིང་། ལས་གཞི་འདི་ནི་ས་གནས་ཀྱི་སོའི་སྨན་ཁང་དང་། ཚོགས་པའི་ཁྱད་ལས་དྭང་བླངས་པ་རྣམས་དང་མཉམ་ལས་ཀྱིས་བསྒྲུབས་ཏེ། ད་བར་མི་གྲངས་ ༡༠༠༠ ལྷག་ཙམ་ལ་ལས་འཆར་འདིས་ཕན་ཐོགས་བྱུང་ཡོད།ལས་འཆར་འདི་ད་ལྟ་མུ་མཐུད་ནས་འགྲོ་བཞིན་པ་དང་། ཕྱི་ལོ་ ༢༠༡༤ ནས་ཕྱི་རྒྱལ་གྱི་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོ་ཁག་གཉིས་ཙམ་གྱིས་འགན་ཁུར་འོག་སོ་བརྟག་དཔྱད་ཀྱི་ལས་གཞི་འདིར་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། དེ་ཡང་དྷ་སའི་ཉེར་འཁོར་གྱི་གྲྭ་བཙུན་དང་དགོན་པ་འགའ་ཤས་ལ་ཆེད་དུ་བསྐོར་སྐྱོད་བྱས་ཏེ་འཕྲོད་བསྟེན་སྐོར་གོ་རྟོགས་ལས་འགུལ་སྤེལ་བ་དང་བསྟུན། བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་དང་སྦིར་ས་གནས་སོགས་སུ་ལས་འཆར་འདི་ལག་བསྟར་གྱིས་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། ད་བར་མི་གྲངས་ ༨༠༠ ལྷག་ཙམ་ལ་གོང་གསལ་ལས་འཆར་འདིས་ཕན་ཐོགས་བྱུང་ཡོད་པ་རེད།