བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན།
དུས་རབས་ཉེར་གཅིག་པ་འདི་བརྡ་འཕྲིན་གྱི་དུས་རབས་ལ་ངོས་འཛིན་བྱེད་པ་བཞིན། བོད་ཕྱི་ནང་གི་བོད་མི་རྣམས་ཀྱིས་ཀྱང་བརྡ་འཕྲིན་ཕྱོགས་ལ་མི་རིགས་གཞན་དང་གཅིག་མཚུངས་ཀྱིས་ཇི་ཙམ་ཤེས་མིན་ལ་མ་ལྟོས་པར་དགའ་མོས་དང་སྤྲོ་ཤུགས་ཆེ་བར་བརྟེན།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་བོད་ཀྱི་རིག་གཞུང་དང་ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་འོག་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་ཟབ་རྒྱས་རིན་བྲལ་གྱི་གསུང་བཤད་དང་གསུང་རྩོམ་སོགས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་བྱེད་རྒྱུའི་ཐག་གཅོད་ཞུས་པ་ཡིན།
ཚང་མས་མཁྱེན་གསལ་ལྟར་སློབ་དཔོན་མཆོག་གིས་ནང་ཆོས་དང། འཚེ་མེད་ཞི་བ། ཤེས་ཡོན་སློབ་གསོ། སྲིད་དོན་ཚན་རིག མང་གཙོའི་རིང་ལུགས། ཁྲིམས་ལུགས། ལོ་རྒྱུས། རིག་གནས། སྐད་ཡིག ཁོར་ཡུག བཟང་སྤྱོད་གོང་འཕེལ། མི་ཚེའི་རིན་ཐང་སོགས་ཀྱི་ཐོག་ལམ་སྟོན་གནང་བ་ཇི་སྙེད་ཅིག་བོད། ཨིན། ཧིན་གསུམ་ཐོག་དེབ་གཟུགས་དང་སྒྲ་འཇུག་བརྙན་འཕྲིན་སོགས་ཀྱི་ནང་བལྟ་ཉན་ཀློག་གསུམ་ཐུབ་རུང་། ཕྱོགས་གཅིག་ཏུ་གཟིགས་བདེ་བ་ཞིག་ད་བར་བྱུང་མེད་སྟབས། ད་ལམ་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་བོད་ཕྱི་ནང་གཉིས་སུ་ཁོང་གི་གསུང་ལ་སྐོམ་པ་ཆུ་འདོད་ལྟར་གཙིགས་ཆེར་འཛིན་མཁན་གྲངས་ལས་འདས་པ་རྣམས་ལ་དྲ་ལམ་བརྒྱུད་ནས་ཉམས་ལེན་དང་ལྟ་ཀློག་ཐུབ་ཆེད་མཐུན་རྐྱེན་སྐྲུན་ཐབས་ཞུས་པ་ཞིག་ཡིན།
ལོ་ཤས་སྔོན་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་དྲ་རྒྱ་ཞིག་གསར་བཟོ་ཞུ་འདོད་ཡོད་སྐོར་ཁོང་གི་སྒེར་དྲུང་བརྒྱུད་ལན་མང་ཞུས་ཀྱང་ཞལ་བཞེས་རྩ་བ་ནས་མ་གནང་བར་བརྟེན། ད་བར་ནར་ལུས་སུ་སོང་། འོན་ཀྱང་རིན་པོ་ཆེ་མཆོག་གི་གསུང་གི་བདུད་རྩི་སྐྱེ་རྒུའི་སྤྱོད་ཡུལ་དུ་མ་འགྱུར་ན་ཧ་ཅང་ཕངས་པས་བློས་མ་བཟོད་ནས། ད་ལམ་ཪིན་པོ་ཆེ་མཆོག་གི་བཀའ་ཁྲོལ་གནང་མིན་ལ་མ་ལྟོས་པར། སྤྱིར་སྐྱེ་འགྲོ་ཡོངས་དང་། ཁྱད་པར་བོད་མི་རྣམས་ཀྱི་འཕྲལ་ཕུགས་ཕན་བདེའི་དགོས་མཁོར་མཐོང་སྟེ་དྲ་རྒྱ་འདི་བཞིན་གསར་བཟོ་ཞུ་རྒྱུར་སྤྱི་བརྟོལ་བསྐྱེད་པ་ཡིན།
དེང་སང་སྤྱིར་འཛམ་གླིང་དང་། བྱེ་བྲག་བོད་པའི་སྤྱི་ཚོགས་ནང་བཟང་སྤྱོད་ཉམས་རྒུད་ཧ་ཅང་མགྱོགས་མྱུར་སོང་སྟེ། མི་རྣམས་ཕྲག་དོག་དང། འགྲན་རྩོད། རྒྱལ་ཕམ། ང་ཆེ་ང་བཙན་གྱི་དུས་སྐབས་སུ་ཁྱད་དུ་འཕགས་ཤིང་མིག་དཔེར་འོས་པའི་སྐྱེས་བུ་དམ་པ་ཁོང་ལྟ་བུ་ནི་ཧ་ཅང་དཀོན་ཚད་དུ་གྱུར་ཅིང་། གང་ཉིད་ཀྱི་སྤྱོད་ལམ་གྱི་ཆ་ནས་བརྗོད་ན། རྟག་ཏུ་འདོད་ཆུང་ཆོག་ཤེས་དང་། བག་ཡོད་ཚུལ་མཐུན་གྱིས་ཉིན་མཚན་དུས་དྲུག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མ་ཟད། རྒྱས་སྤྲོས་དང་། རྒྱུ་ནོར་ལོངས་སྤྱོད། གཏམ་སྙན་གྲགས། ཐོབ་གོ་ས། མདོར་ན་དངུལ་དང་དངོས་པོ་སོགས་ཀྱི་འདོད་ཞེན་ཡོངས་སུ་སྤངས་པའི་ནང་པའི་དགེ་སློང་དཀྱུས་མ་ཞིག་གི་ཚུལ་དུ་བཞུགས་ཤིང། གང་ཉིད་ཀྱི་མཁྱེན་ཡོན་དང་རྣམ་དཔྱོད་ཀྱི་ཆ་ནས་བརྗོད་ན། ཕྱི་ནང་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་རབ་ཏུ་ཕྱུག་པ་ནི་བོད་པའི་སྤྱི་ཚོགས་ཙམ་མ་ཟད། འཛམ་གླིང་ཤར་ནུབ་མཁས་དབང་དུ་མའི་དཀྱིལ་ན་བོད་མི་རིགས་ཀྱི་ཆེ་མཐོང་དང་། གཟི་བརྗིད། ལ་རྒྱ། སྤོབས་པ་སོགས་གོང་མཐོར་འདེགས་པའི་ཕྱག་རྗེས་རྩེ་མོར་སོན་པ་མཁས་པའི་གཙུག་རྒྱན་ཞིག་ཏུ་བཀུར་བའི་དན་རྟགས་སུ་རྒྱ་གར་འཕགས་ཡུལ་གྱིས་གཙོས་རྒྱལ་སྤྱིའི་ནང་གྲགས་ཅན་གཙུག་ལག་སློབ་གྲྭ་དང། ཤེས་ཡོན་གྱི་སྡེ་ཚན། ཉམས་ཞིབ་ཁང་སོགས་ནས་སློབ་སྟོན་པ་དང་ལྷག་པའི་རིགས་བདག་སོགས་ཆེ་བསྟོད་ཀྱིས་བརྒྱན་པར་མཛད་པ་ལས་ཡོངས་སུ་ཤེས་ནུས།
དེ་ཡང་གཞན་དྲིང་མི་འཇོག་པ་ཞིག་ལ། ཪིན་པོ་ཆེ་མཆོག་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་དང་བཀའ་ཇི་གནང་ལ་ཤར་བསྐྱོད་གནང་མཁན་ཞིག་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་རིག་གནས་སོགས་ཀྱི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་བསད་གནང་རུང་། ད་བར་བྱས་ཡུས་གཅིག་ཀྱང་གསུངས་མྱོང་མེད་ཅིང་། གཡུར་དུ་ཟ་བའི་རླབས་ཆེན་གྱི་གྲུབ་འབྲས་ཇི་བྱུང་གཟུར་གནས་བློ་ལྡན་ཀུན་གྱི་མཐོང་ཆོས་སུ་ལྷམ་མེར་གསལ་བ་ལགས། ད་དུང་ཁོང་ནི་བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་ངེས་པ་ཡོངས་སུ་རྙེད་པ་མ་ཟད། ཉམས་ལེན་ཚུལ་བཞིན་གནང་མཁན་ཞིག་ཀྱང་རེད།
ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་ཉག་ཕྲ་བའི་དུས་སྐབས་འདིར་ཪིན་པོ་ཆེ་མཆོག་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་དེ་བོད་མི་རིགས་ཀྱི་བསོད་ནམས་ཡིན་པ་བརྗོད་མ་དགོས། དེར་བརྟེན་དྲ་རྒྱ་འདི་བཞིན་ང་ཚོའི་ཚོགས་པའི་ལས་འཆར་ཞིག་གི་ངོ་བོར་བཟོ་འགོད་ཐུབ་པ་ནི་སྤོབས་པ་དང་གཟི་བརྗིད་ཅིག་ཏུ་འཁུམས།
དྲ་རྒྱ་འདི་ནི་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་དང་། གསུང་རྩོམ། ལྟ་གྲུབ་སོགས་ལ་ཉམས་ལེན་དང་ཞིབ་འཇུག་གནང་ཡུལ་ཆེས་གལ་ཆེའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡིག་ཚགས་ཤིག་ཏུ་འགྱུར་ཐབས་སུ། མུ་མཐུད་འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ་སོགས་འགོད་སྤེལ་བྱ་རྒྱུ་ཡིན་པས། སྐལ་ལྡན་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་ངེས་ཅན་ཡོང་བའི་རེ་བ་ཡོད། འདི་བརྒྱུད་ནས་ཪིན་པོ་ཆེ་མཆོག་གི་སྒྲ་འཇུག་དང་། ཡིག་ཐོག་གསུང་བཤད། བརྙན་པར། དེ་བཞིན་སྐུ་པར་སོགས་གསན་གཟིགས་ཐུབ་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་དྲ་བ་སོགས་ལའང་མཐུད་ཡོད། དྲ་རྒྱ་འདི་འདྲ་ཞིག་འཆར་འགོད་དང་གསར་བཟོ་བྱེད་པར་མིའི་ནུས་ཤུགས་དང་རྒྱུ་ཆ་སོགས་ཀྱིས་མཚོན་མཐུན་རྐྱེན་གང་མང་འཛོམས་དགོས་ཤིང་། དྲ་རྒྱ་འདིའི་ནང་གི་བཀའ་སློབ་དང་གསུང་བཤད་སོགས་རྒྱུ་ཆ་མང་ཆེ་བ་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་ལགས་ནས་གནང་སོན་བྱུང་བ་མ་ཟད། རྩ་ཆེའི་རྒྱབ་སྐྱོར་དང་ལམ་སྟོན་སོགས་དུས་ནས་དུས་སུ་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་དང། པདྨ་འཛོམས་སྐྱིད་དང། མུའུ་རེ་གཉིས་ཀྱིས་དྲ་རྒྱ་འཆར་འགོད་དང་ཇུས་འགོད། འབྲེལ་ཡོད་ལས་བྱེད་སངས་རྒྱས་རྡོ་རྗེ་དང་དྲི་མེད་ཚེ་རིང་གཉིས་ཀྱིས་རྒྱུ་ཆ་འཚོལ་སྒྲུབ། ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་དང་དྲུང་ཆེ་འབྲུག་བསྟན་སྐྱིད་གཉིས་ཀྱིས་ལས་དོན་འདི་ལེགས་གྲུབ་ཡོང་བར་རྒྱབ་སྐྱོར་དང་སྐུལ་ལྕག་གནང་བ། དེ་བཞིན་ཚོགས་པའི་ལས་བྱེད་གཞན་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གོ་སྐབས་འདི་བརྒྱུད་ཁྱེད་རྣམ་པར་ཪིན་པོ་མཆོག་གི་བཀའ་སློབ་སྒྲ་འཇུག་དང། བརྙན་པར། དེ་བཞིན་ཡིག་ཚགས་སོགས་ཡོད་ན། ང་ཚོར་ངེས་པར་མཁོ་སྤྲོད་གནང་རོགས་ཞེས་རེ་སྐུལ་དང་། མ་འོངས་པར་དྲ་རྒྱ་འདི་བཞིན་དོན་ཕན་ལྡན་པ་ཡོང་རྒྱུར་ཚང་མས་དགོངས་འཆར་གང་མང་གནང་རོགས་ཞུ་རྒྱུ་ཡིན།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་བྲིས་པ་དགེ་ལེགས་སུ་གྱུར་ཅིག
འབྲེལ་གཏུག་དུས་དེབ་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མི་ཚོའི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་ཤེས་རྟོགས་གསལ་པོ་ཡོང་ཆེད་དང་། སྨྲ་བརྗོད་རང་དབང་བྲལ་བའི་བོད་མི་ཚོའི་མགྲིན་ཚབ་པ་ལྟ་བུར་འགྱུར་ཐུབ་པར་འབད་བརྩོན་བྱེད་ཀྱིན་ཡོད།
འདི་ལོར་ང་ཚོས་འབྲེལ་གཏུག་དུས་དེབ་གྲངས་༡༡,༡༠༠ པར་སྐྲུན་དང་རིན་མེད་འགྲེམ་སྤེལ་བྱས་ཡོད་ཅིང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཚོགས་སྡེ་ཁག བོད་པའི་སློབ་གྲྭ་ཁག། གཞིས་ཆགས་ཁག མི་སྒེར་སོགས་ལ་སྦྲག་ཐོག་ནས་གཏོང་བ་དང་། ས་གནས་ས་ཐོག་རང་ལ་ཤུགས་ཆེན་འགྲེམ་སྤེལ་བྱས་ཡོད་ཅིང་། དུས་དེབ་ནི་མཁོ་མངགས་གནང་མཁན་སྒེར་བ་དང་། རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག། རྒྱ་གར་ནང་གི་གཞུང་ཚབ་ཁག་སོགས་ཐག་རིང་སར་སྦྲག་ཐོག་དང་། ཉེ་སར་སྐྱེལ་མཁན་མངག་གཏོང་གིས་རིན་མེད་འགྲེམ་སྤེལ་བྱེད་བཞིན་ཡོད། དུས་དེབ་འདི་བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་མཐུད་སྟེ་འགྲེམ་སྤེལ་ཆེས་ཆེར་འགྲོ་བཞིན་པའི་ཨིན་ཡིག་གི་དུས་དེབ་གཅིག་པུ་དེ་ཡིན་ཞིང་། དེའི་ནང་བོད་མིའི་གནས་སྟངས་དང་དྷ་རམ་ས་ལའི་གནས་ཚུལ་ངོ་སྤྲོད་དང་དྲིལ་བསྒྲགས། དེ་བཞིན་༧གོང་ས་མཆོག་གི་མཛད་འཕྲིན་འགོད་སྤེལ་བྱེད་ཀྱིན་ཡོད། འདི་ལོར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དང་བླངས་བ་ ༣༣ ལྷག་དང་། ལྷའི་ལས་བྱེད་སོགས་ཀྱིས་བོད་དོན་དང་འབྲེལ་བའི་དམིགས་བསལ་གསར་འགྱུར་དང་རྩོམ་ཡིག་ ༡༥༡ འགོད་སྤེལ་བྱས་ཡོད་པ་དང་། ལྷར་པར་མང་གཙོའི་གོ་རྟོགས་གོང་འཕེལ་སླད། འདི་ལོར་ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་སྐོར་གྱི་གསར་གནས་དང་བཅར་འདྲི་སོགས་ཁྱབ་སྤེལ་བྱེད་རྒྱུར་གཙོ་འདོན་བྱས་ཡོད་ཅིང་། ད་དུང་ང་ཚོས་དམིགས་བསལ་གྱི་བརྗོད་གཞི་ “ཐུན་མིན་འོས་བསྡུ” ཞེས་པ་འདོན་སྤེལ་བྱས་ཤིང་། དེས་སྤྱི་ཟླ་གསུམ་པའི་འོས་བསྡུ་ལས་རིམ་ལ་ཁྱབ་ཚད་ཆེན་པོས་གོ་རྟོགས་གོང་འཕེལ་བཏང་ཐུབ་པ་བྱུང་ཡོད།
ད་ལོ་ནས་འགོ་བཟུང་སྟེ་པར་ཐེངས་རེེར་མི་སྣ་རེའི་ལོ་རྒྱུས་འགོད་རྒྱུའི་འགོ་འཛུགས་བྱས་ཡོད། ཟླ་རེར་མི་ ༤༠༠༠ ཙམ་གྱིས་བལྟ་བཞིན་པའི་དྲ་གནས་www.contactmagazine.net འདི་ལ་དུས་ཐོག་ཏུ་འགོད་སྤེལ་བྱེད་བཞིན་ཡོད་ལ། དེ་བཞིན་འབྲེལ་གཏུག་དུས་དེབ་ PDF བཟོས་ཏེ་ཟླ་རེ་བཞིན་མི་མང་གིས་མཐོང་སར་ http://issuu.com/; ཞེས་པར་འཇོག་གི་ཡོད་ཅིང་། དེར་བལྟ་མཁན་ཟླ་རེ་ལ་མི་གྲངས་ ༦,༡༩༤ ཙམ་ཡོང་བཞིན་ཡོད།
དྲ་རྒྱའི་དགོས་དམིགས།
དྲ་རྒྱའི་ཕན་ནུས་དང་ཁྱབ་ཚད་ནི་དུས་རབས་གསར་པའི་བརྡ་ཁྱབ་ཀྱི་མྱུར་ཚད་མགྱོགས་ཤོས་དང་ནུས་པ་ཆེ་ཤོས་ཤིག་ཡིན་པ་བརྗོད་མ་དགོས་པ་ཚང་མས་མཁྱེན་གསལ་རེད།
ལྷག་པར་ད་ལྟའི་དུས་སྐབས་སུ་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་ཧ་ཅང་མང་པོ་ཡོད་ཅིང༌། དེའི་ནང་ནས་དབྱིན་ཡིག་དང་རྒྱ་ཡིག་གི་དྲ་རྒྱ་ནི་ཆེས་མང་ཡང༌། བོད་ཡིག་ནང་དྲ་རྒྱ་ཉུང་ཤས་ལས་མེད་པ་དང་དེ་དག་མང་ཆེ་བ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ངོ་བོ་ཙམ་ལས་གཞན་མི་རྣམས་ཀྱི་ཤེས་འདོད་པའི་དངོས་ཡོད་ཀྱི་གནས་ཚུལ་དང་ཤེས་བྱ་ཁག་དྲ་རྒྱ་ནང་ཕལ་ཆེར་མེད།
བཙན་བྱོལ་ནང་བོད་ཡིག་དྲ་རྒྱ་ཁ་ཤས་ཙམ་ཡོད་པ་དང་དེ་དག་མང་ཆེ་བ་གསར་འགྱུར་སོགས་ཀྱི་སྐོར་ཡིན་པ་དང་། ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐོར་བོད་ཕྱི་ནང་གཉིས་སུ་བོད་ཡིག་གི་དྲ་རྒྱ་ཕལ་ཆེར་མེད་པ་འདྲ་པོ་རེད། དེར་བརྟེན་གཤམ་གསལ་དོན་ཚན་ཁག་དྲ་རྒྱ་འདིའི་ནང་འཇོག་འཆར་ཡོད།
༡ ༽ གཙོ་བོ་བོད་ཡིག་ནང་སྲོལ་རྒྱུན་བོད་ཀྱི་ཆོས་རིག་གོམས་གཤིས་ཐོག་ནས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གལ་ཆེན་ཡིན་པར་འཛིན་པའི་འདུ་ཤེས་ལྟ་བའི་ སྐོར་འཇོག་རྒྱུ།
༢ ༽ བོད་དང་འཛམ་གླིང་སྤྱིའི་ཁོར་ཡུག་གི་ཆགས་འཇིག་དང་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་དང་། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་སྐྱེས་དངོས་དང་རི་སྐྱེས་སྲོག་ཆགས་སྐོར་གྱི་ཤེས་བྱ་དང་ཁྲིམས་ལུགས་སོགས་གང་མང་འཇོག་རྒྱུ།
༣ ༽ ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐོར་གྱི་གལ་ཆེའི་གནས་ཚུལ་དང་དེ་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་དག་བོད་ཡིག་ནང་ཕབས་བསྒྱུར་བྱས་ཏེ་དྲ་རྒྱ་ནང་འཇོག་རྒྱུ།
༤༽ གོང་གསལ་གྱི་གལ་ཆེ་བའི་ཤེས་བྱ་ཁག་རྒྱ་ཡིག་དང་དབྱིན་ཡིག་ནས་ཕབ་བསྒྱུར་བྱས་ཏེ་དྲ་རྒྱ་ནང་འཇོག་རྒྱུ་བཅས་ཡིན།
༥ ༽ ྋགོང་ས་མཆོག་གི་ཁོར་ཡུག་སྐོར་ལ་གནང་བའི་བཀའ་སློབ་དང༌། དེ་བཞིན་བོད་ཀྱི་བླ་ཆེན་དང་མཁས་པ་རྣམས་ཀྱིས་ཁོར་ཡུག་སྐོར་བཀའ་སློབ་དང་ཆེད་རྩོམ། བོད་ནང་སྔ་ཕྱིར་པགས་རིགས་མེད་སྲེག་བཏང་བའི་སྐོར་གྱི་གནས་ཚུལ་དང༌། ཁོར་ཡུག་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་རྩོམ་ཡིག་སོགས་གང་མང་འཇོག་འཆར་ཡོད།
༦༽ བོད་དབྱིན་གཉིས་ལྡན་གྱི་དྲ་རྒྱ་འདི་ཉིད། མ་འོངས་པར་མི་རབས་གསར་པ་རྣམས་ཀྱིས་ཁོར་ཡུག་སྐོར་ཉམས་ཞིབ་བྱེད་སའི་ཡིག་ཚགས་ལྟ་བུ་ཞིག་ཆགས་རྒྱུའི་རེ་བ་རྒྱག་གིན་ཡོད།
སྒྲ་དེབ་མིག་བྱེད་ནི་རྩོམ་པ་པོ་རི་རྡོ་སེང་གེས་འགོ་ཁྲིད་པའི་ང་ཚོའི་ལས་གཞིའི་ཆ་ཤས་ཤིག་ཡིན། དེ་ཡང་དེང་དུས་ཀྱི་འཕྲུལ་ལས་དང་དྲྭ་རྒྱའི་གོང་འཕེལ་དུ་འགྲོ་བཞིན་པའི་དུས་ཀྱི་འགྱུར་བར་བརྟེན་ནས་བོད་ཀྱི་དཔེ་དེབ་རིན་བྲལ་དེ་ཚོ་དྲྭ་ཐོག་ནས་ལྟ་ཀློག་ཐུབ་པའི་ཆེད་ལས་གཞི་དེ་ལག་བསྟར་བྱས་པ་ཞིག་ཡིན། ལས་གཞི་དེའི་བརྒྱུད་ནས་ང་ཚོས་བོད་ཀྱི་སྙན་གྲགས་ཅན་གྱི་མི་སྣའི་བྱུང་རབས་ལོ་རྒྱུས་བརྙན་དང་མཉམ་འབྲེལ་གྱི་སྒྲ་དེབ་བརྒྱ་ལྷག་དང་། དེའི་ནང་ནང་ཆོས་དང་ཆབ་སྲིད། སྐད་ཡིག ། རིག་གཞུང་བཅས་ཀྱི་ཐོག་ཕུལ་དུ་བྱུང་བའི་མི་སྣ་ཤ་སྟག་གི་ལོ་རྒྱུས་ཡིན་པས་ང་ཚོའི་དམིགས་འབེན་གཙོ་བོ་ནི་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་བོད་མི་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་དོན་གཉེར་ཅན་རྣམས་ལ་དོན་ཕན་ལྡན་པ་ཡོང་བ་དེ་ཡིན། གལ་སྲིད་ཁྱེད་རྣམ་པ་གཟིགས་འདོད་ཡོད་ཚེ་གཤམ་གྱི་དྲྭ་ཐག་དེའི་ཐོག་གནོན་ན་སྒྲ་དེབ་བློ་གསལ་མིག་འབྱེད་དེ་ཉིད་ལྟ་ཉན་བྱ་ཐུབ།།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་རྒྱུན་གཏན་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཡོད་ཁར། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པར་སླར་གསོའི་ཆེད་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཏུ་ཕྱག་ལས་གནང་མུས་ཡིན་པའི་གཞོན་སྐྱེས་དང་། ཧི་མ་ལ་ཡ་དང་བོད་པའི་གཞོན་སྐྱེས་སྐྱ་སེར་དབྱེར་མེད་ལ་རིག་གཞུང་ཡར་རྒྱས་གོང་འཕེལ་ཡོང་ཆེད་བོད་དགེ་ཚད་ལྡན་གདན་ཞུས་ཐོག་དམིགས་བསལ་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཡང་གོ་སྒྲིག་ཞུ་ཡོད། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐོག་འབད་བརྩོན་བྱུ་རྒྱུ་ནི་ང་ཚོའི་དམིགས་འབེན་གཙོ་བོ་དེ་ཡིནཔས་ང་ཚོས་བོད་ཡིག་གི་དྲྭ་ཚིགས་མི་ཉུང་བ་ཞིག་ཀྱང་རྒྱུན་སྤྱོད་བྱེད་བཞིན་ཡོད།།