ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། གཞན་ཕན་ཆེད་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོའི་ལས་དོན་སྣ་མང་བྱ་རྒྱུ་དེ་ཡིན་ཞིང་། ཧི་མ་ལ་ཡའི་རི་རྒྱུད་དང་ས་གནས་རྒྱ་གར་མི་མང་ལའང་དེ་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད།

འདས་པའི་མི་ལོ་དེ་དག་རིང་ཚོགས་པས་ཉིན་ལྟར་མི་གྲངས་ ༢༠༠ ནས་ ༣༠༠ ཙམ་ལ་ཞབས་ཞུ་བསྒྲུབས་ཡོད། དྭང་བླངས་བ་ ༡༥ ནས་ ༢༥ ཙམ་གྱིས་ང་ཚོའི་ཉིན་རེའི་ལས་དོན་ལ་རོགས་འདེགས་འོག ཚོགས་པས་ཞབས་ཞུའི་རྣམས་གྲངས་མི་འདྲ་བ་ ༢༠ ཙམ་ལག་བསྟར་བྱེད་ཀྱི་ཡོད་པ་དེ་དག་ནི། བོད་ཡིག། ཨིན་ཡིག རྒྱ་ཡིག ཧྥ་རན་སི། འཇར་མན་སོགས་ཀྱི་སྐད་ཡིག་འཛིན་གྲྭ་མཐོ་དམན་འདྲ་མིན་དང་། སྒེར་གྱི་དགེ་རྒན། ཀམ་པུར་ཊར་འཛིན་གྲྭ་ཁག བཅུད་ལྡན་ཞལ་ལག་མཐུན་རྐྱེན། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ། འཐུང་ཆུ་གཙང་བཟོའི་ལས་གཞི། སྨན་དང་གྱོན་གོས་རིན་མེད་བགོ་འགྲེམ། འབྲེལ་གཏུག་དུས་དེབ་པར་སྐྲུན་དང་རིན་མེད་འགྲེམ་སྤེལ། འཕྲོད་བསྟེན་ཞབས་ཞུ་དང་ཁོར་ཡུག་གི་གོ་རྟོགས་ལས་འགུལ། དྭང་བླངས་ཞབས་ཞུའི་གོ་སྐབས་དང་འབྲེལ་མཐུད། མི་མང་དཔེ་མཛོད། ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་དང་ལྷན་དུ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་སོགས་ཀྱི་ལས་དོན་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་ཀྱི་ཡོད། ད་དུང་ང་ཚོས་དྭང་བླངས་པ་དང་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་རྣམས་ལ་སྣེ་ལེན་དང་། བོད་དོན་ངོ་སྤྲོད། རྒྱུས་སྟོན། ཁྱིམ་ཚང་དུ་གནས་སྡོད་གོ་སྒྲིག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་སྣེ་ཁྲིད་དང་ངོ་སྤྲོད་སོགས་ཀྱང་བྱེད་ཀྱི་ཡོད།

འདས་པའི་ལོ་ངོ་ ༢༠ ལ་ཆ་མཚོན་ན་ང་ཚོའི་ལས་དོན་དང་ཞབས་ཞུ་ཁག་གང་ཅིའི་ཐད་དམིགས་བསལ་དང་གཟི་བརྗིད་ལྡན་པ་བྱུང་སོང་བ་ནི། གཙོ་བོ་ཚོགས་པའི་སྔ་ཕྱིའི་ལས་བྱེད་རྣམས་ཀྱིས་འགན་ཁུར་དང་སྣེ་ཁྲིད་འོག སྒེར་སེམས་མེད་པའི་དྭང་བླངས་ཞབས་ཞུ་བ་རྣམས་དང་། དེ་བཞིན་དཔལ་འབྱོར་རོགས་སྐྱོར་གནང་མཁན་མི་སྒེར་གཙོས་པའི་ཚོགས་སྡེ་ཁག་སོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་བར་མ་ཟད། ཚོགས་པའི་ཞབས་ཞུ་ཁག་ལ་སྤྱི་ཚོགས་དང་མི་སྒེར་སོགས་ཀྱིས་ཐུགས་ཁུར་ཆེན་པོས་ཆ་ཤས་བླངས་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོས་སྒྲུབ་བཞིན་པའི་ལས་གཞི་ཁག་ཡར་རྒྱས་དང་རྒྱུན་གནས་ཐུབ་པ་བྱུང་སོང་བས། གོ་སྐབས་འདི་བརྒྱུད་དེ་འབྲེལ་ཡོད་ལྷན་རྒྱས་ཚང་མར་སྙིང་དབུས་ནས་བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་ཞུ་འདོད་བྱུང་། འདས་པའི་མི་ལོ་ ༢༠ རིང་གལ་ཆེའི་ཞབས་ཞུ་དང་ལས་གཞི་རྣམས་གཤམ་དུ་ལས་བསྡོམས་དང་འབྲེལ་ཡོད་པར་རིས་སོགས་སྤྱན་འབུལ་ཞུས་ཡོད་པས་གཟིགས་ཞིབ་ཡོང་བ་ཞུ།

བསྒྲུབ་བྱ་སྙིང་པོ།
གཞན་ཕན་གྱི་དམིགས་ཡུལ་གཙོ་བོར་བཟུང་སྟེ། དོན་གཉེར་ཅན་རྣམས་ལ་སློབ་གསོ་དང་ཤེས་ཡོན་གྱི་ལྟེ་གནས་ཤིག་སྐྲུན་རྒྱུ་དང་། མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་བྱ་རྒྱུ།

འཆར་སྣང་།
ལྷའི་ངོས་ནས་སྤྱི་ཚོགས་ནང་མཉམ་འབྲེལ་གྱིས་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་བསྐྲུན་རྒྱུའི་འབད་བརྩོན་དང་། ཐོབ་ཐང་འདྲ་མཉམ་མེད་ཅིང་དགོས་མཁོ་ཡོད་རིགས་ལ་མཐུན་པའི་ཆ་རྐྱེན་བསྐྲུན་ཐབས་བྱ་རྒྱུ་སོགས་ཡིན།

དགོས་དམིགས།
ཁོར་ཡུག་གསར་པའི་ནང་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་གནས་ཡར་རྒྱས་གོང་འཕེལ་དང་། དེ་བཞིན་ཐུན་མིན་བོད་ཀྱི་ཆོས་རིག་གོམས་གཤིས་སོགས་གང་ཐུབ་སྲུང་སྐྱོབ་དང་དར་སྤེལ། ལྷག་པར་དུ་ཚོགས་པའི་དྭང་བླངས་ལས་བྱེད་གཙོས་པའི་ཕྱི་རྒྱལ་བ་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོ་དང་བོད་མིའི་དབར་དོན་སྙིང་ལྡན་པའི་རིག་གཞུང་བརྗེ་རེས་དང་སྤྱི་ཚོགས་ལ་ཞབས་ཞུ། བོད་དོན་གོ་རྟོགས་གོང་འཕེལ་ཡོང་ཐབས་བྱ་རྒྱུ་དང་འབྲེལ་མི་རིགས་གཞན་ཚོར་དེ་མཚུངས་སྤྱི་ཚོགས་ཞབས་ཞུ་དང་རོགས་རམ་གང་ཐུབ་བྱ་རྒྱུ་སོགས་ཡིན།

ཚོགས་པའི་ལས་རྟགས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་རྟགས་ནི་དཀྱིལ་”ལྷ་”ཞེས་པའི་བོད་ཡིག་དང་དེའི་མཐའ་འཁོར་ཚོས་གཞི་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་ལྔ་ཡོད་པ་དེས་ནང་པའི་ཆོས་ལུགས་ཀྱི་ལྟ་སྤྱོད་མཚོན།