སྤྱིར་སྐད་ཡིག་ནི་ཤེས་བྱའི་གནས་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཆགས་ཡོད་པ་དང་། མི་རིགས་གཞན་དང་འབྲེལ་ལམ། ཉམས་མྱོང་བརྗེ་རེས། གནས་ཚུལ་མཁོ་སྤྲོད་བྱེད་སྐབས་མི་རིགས་གཞན་པའི་སྐད་ཡིག་མ་ཤེས་པ་ཡིན་ན་གོ་བརྡ་སྤྲོད་ཐུབ་པའི་རྒྱུད་ལམ་གཞན་མེད་ཅིང་། ལྷག་དོན་བཙན་བྱོལ་བོད་མི་ལྟ་བུར་མཚོན་ན་ཕྱི་རྒྱལ་སྐད་ཡིག་སློབ་སྦྱོང་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། སྐད་ཡིག་འཛིན་གྲྭའི་ནང་ནས་ཨིན་ཇིའི་སྐད་ཡིག་ནི་འཛམ་གླིང་གི་སྤྱི་སྐད་ལྟ་བུ་ཆགས་ཡོད་ལ། དེ་བཞིན་རྒྱལ་སྤྱིིའི་ནང་བེད་སྤྱོད་ཆེ་བའི་སྐད་ཡིག་ཧྤ་རན་སིའི་སྐད་དང་། རྒྱ་སྐད། འཇར་མན་སྐད། སི་པན་སྐད་སོགས་བཙན་བྱོལ་བོད་མི་ཚོར་ཉིན་རེའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཆགས་ཡོད། ཉེ་བའི་ལོ་ཤས་ནས་བཟུང་བོད་མི་ཆེས་མང་པོ་ཕྱི་རྒྱལ་ཡུལ་གྲུ་གཞན་ལ་སྐྱབས་བཅོལ་དུ་་འགྲོ་སྐབས་གོང་གསལ་གྱི་སྐད་ཡིག་འདི་དག་མ་ཤེས་ན་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། བོད་ཀྱི་སྐད་ཡིག་སློབ་ཁྲིད་ནི་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་སྦྱོང་སྤྱོད་སྤེལ་གསུམ་བྱེད་དགོས་པ་ནི་ང་ཚོའི་འོས་འགན་ཡིན།
ཕྱི་ལོ་ ༡༩༩༧ ལོར་ཚོགས་པ་དང་པོ་གསར་འཛུགས་སྐབས་ཨིན་ཡིག་ཤེས་དགོས་པ་གལ་ཆེན་པོ་མཐོང་སྟེ། ཨིན་ཇིའི་སྐད་ཡིག་འཛིན་གྲྭ་ནི་ཚོགས་པའི་ཐོག་མའི་ཞབས་ཞུ་དེ་ཆགས་ཡོད་ནའང་། ཕྱི་ལོ ༢༠༠༣ ཙམ་བར་འཛིན་ཁང་གི་མཐུན་རྐྱེན་དང་དགེ་རྒན་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་སློབ་ཕྲུག་མང་པོར་གོ་སྐབས་འབུལ་ཐུབ་མེད།
ཡིན་ནའང་བཙན་བྱོལ་ནང་བོད་ནས་གསར་དུ་འབྱོར་བའི་མི་འབོར་མང་དུ་ཕྱིན་པ་དང་བསྟུན། ཕྱི་རྒྱལ་གྱི་སྐད་ཡིག་སྦྱོང་མཁན་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཏེ། ཕྱི་ལོ་ ༢༠༠༤ ནས་བཟུང་འཛིན་ཁང་ཆེ་ཙམ་ཞིག་གླས་ཏེ་འཛིན་གྲྭ་འཚོགས་སའི་མཐུན་རྐྱེན་སོགས་ཡར་རྒྱས་བཏང་ཐུབ་པ་བྱུང་ཡོད། དེ་ནས་ལོ་རེ་བཞིན་སྐད་ཡིག་སྦྱོང་མཁན་གྲྭ་བཙུན་དང་མི་སྐྱ་ཕོ་མོ་སོགས་མང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་ཨིན་ཇིའི་སྐད་ཡིག་འཛིན་གྲྭ་མཐོ་དམན་མི་འདྲ་བ་ལྔ་དང་། དེའི་སྒང་ལ་ཨིན་སྐད་ཁ་བརྡའི་འཛིན་གྲྭ་ཚོགས་རྒྱུའི་འགོ་འཛུགས་བྱས་ཡོད་པ་རེད། ༢༠༠༥ ཙམ་ནས་བོད་མི་ཚོ་ཡོ་རོབ་རྒྱལ་ཁབ་ཁག་ལ་འགྲོ་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན། ཧྤ་རན་སིའི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་པ་དང་། ཐོག་མར་འཛིན་གྲྭ་གཅིག་ལས་མེད་ཅིང་། རིམ་བཞིན་ཧྥ་རན་སིའི་སྐད་ཡིག་སྦྱོང་མཁན་ཇེ་མང་དུ་ཕྱིན་པས་ ༢༠༠༨ ནས་བཟུང་ཧྥ་རན་སིའི་སྐད་ཡིག་འཛིན་གྲྭ་མཐོ་དམའ་གསུམ་ཚོགས་ཀྱི་ཡོད། ཕྱི་ལོ་ ༢༠༡༠ ནས་རྒྱ་ཡིག་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་དང་།
དེ་ཡང་འཛིན་གྲྭ་མཐོ་དམན་གསུམ་འཚོགས་བཞིན་པ་ཡིན། གོང་གསལ་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་བྱེད་མཁན་མང་ཤོས་ཨིིན་ཇིའི་སྐད་ཡིག་འཛིན་གྲྭ་ཡིན་ཞིང་། འཛིན་གྲྭ་དམའ་བའི་ནང་སློབ་ཕྲུག་མང་ཤོས་ ༣༥ ནས་ ༤༠ ལྷག་དང་། མཐོ་བར་སློབ་ཕྲུག་གྲངས་ ༡༥ ནས་ ༢༠ བར་ཡོང་གི་ཡོད། གཉིས་པ་རྒྱ་ཡིག་དང་ཧྥ་རན་སིའི་སྐད་ཡིག་གི་འཛིན་གྲྭ་རེ་རེར་སློབ་ཕྲུག་གྲངས་ ༡༥ ནས་ ༢༥ བར་ཡོད། འཇར་མན་སྐད་ཡིག་འཛིན་གྲྭ་གཅིག་ཡོད་པ་དེའི་ནང་སློབ་ཕྲུག་གྲངས་ ༡༥ ཙམ་དང་། བོད་ཡིག་འཛིན་གྲྭར་སློབ་ཕྲུག་གྲངས་ ༧ ནས་ ༡༠ བར་ཡོད། ཡང་བོད་ཡིག་དམིགས་བསལ་འཛིན་གྲྭའི་ནང་སློབ་ཕྲུག་གྲངས་ ༢༠ ནས་ ༣༥ ཙམ་ཡོད་པ་རེད། ད་ལྟའི་ཆར་ཉིན་རེར་སྐད་ཡིག་འཛིན་གྲྭར་ཡོང་མཁན་མི་གྲངས་ ༡༢༠ ནས་ ༡༥༠ བར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ པར་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ ༡༢༤༥༨ བྱུང་ཡོད་ཅིང་། དེའི་ནང་བོད་པ་ཙམ་མ་ཡིན་པར་ས་གནས་རྒྱ་གར་གྱི་ཡུལ་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཡང་མང་པོ་ཡོད་པར་མ་ཟད། སོག་པོ་དང་། ཐེ་ལན་ཌི། རྒྱ་མི། ཀོ་རེ་ཡ་སོགས་ལྷོ་ཤར་ཨེ་ཤི་ཡ་དང་ཨུ་རུ་སུ་སོགས་ཀྱི་མི་རིགས་ཀྱང་ཡོད་པ་རེད། ད་དུང་སྐད་ཡིག་འཛིན་གྲྭའི་སློབ་ཕྲུག་ཚོར་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱེད་ཀྱི་ཡོད་པས། ད་བར་སློབ་ཕྲུག་གྲངས་ ༡༣༠༠ ལྷག་ཙམ་ལ་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱས་ཡོད། སྤྱིར་སྐད་ཡིག་འཛིན་གྲྭ་ཚང་མ་སློབ་ཡོན་མི་དགོས་པར་རིན་མེད་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། འཛིན་གྲྭར་འཛུལ་ཞུགས་ཆེད་ལོ་གཅིག་ལ་ཧིན་སྒོར་ ༣༠༠ དོད་ཙམ་ལས་ལེན་གྱི་མེད་ཅིང་། ཧིན་སྒོར་ ༣༠༠ དེ་ཡང་འཛིན་གྲྭའི་རྒྱུ་ཆ་མཁོ་སྒྲུབ་ཁོ་ནའི་ཆེད་དུ་ཡིན། གལ་སྲིད་སོ་སོ་དུས་ཚོད་ཡོད་ན་སྐད་ཡིག་འཛིན་གྲྭ་ལྔ་ཀར་འདོད་མོས་ལྟར་འགྲོ་ཆོག
ཚོགས་པའི་ཞབས་ཞུའི་ཁེ་ཕན་འཐོབ་མཁན་ཁག་ཅིག་གི་དགོངས་ཚུལ།
གྲོགས་པོ་ཞིག་གི་ས་ནས་ལྷའི་སྐོར་ཐོས་པ་དང་ཨིན་ཇིའི་འཛིན་གྲྭར་འགྲོ་རྒྱུར་འགོ་འཛུགས་བྱས་པ་ཡིན། ཕྱི་ལོ་ ༢༠༡༠ ནས་བཟུང་གུས་པ་ལྷ་ལ་ཡོད་ཅིང་ལྷ་ནི་ཨིན་ཇི་སྦྱོང་ས་མ་ནོར་བ་ཞིག་ཡིན། ང་ལྷའི་འཛིན་གྲྭར་མ་ཡོང་གོང་ཨིན་ཇིའི་གསལ་བྱེད་ཙམ་ཡང་ཤེས་ཀྱི་མེད། སྒྲིག་འཛུགས་འདིས་གུས་པ་མི་གཞན་དང་ལྷན་དུ་འབྲེལ་ལམ་གང་ལེགས་བྱེད་རྒྱུའི་བློ་སྒོ་ཕྱེས་བྱུང་། དབྱར་ཀ་ནམ་ཡིན་ལ་ང་འདིར་ཡོང་གི་ཡོད། ད་ལྟ་ངས་ཨིན་སྐད་ཡག་པོ་ཤོད་ཐུབ་ཀྱི་ཡོད། དེར་བརྟེན་གུས་པར་རོགས་རམ་གནང་མཁན་གྱི་རླབས་ཆེན་དགེ་རྒན་རྣམས་དང་། དྭང་བླངས་པ་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཚུལ་ཁྲིམས་བསྟན་འཛིན་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༠༥ པར།
ལྷ་ཡིས་ང་དང་འདྲ་བའི་མི་རྣམས་ལ་གཞན་ཡུལ་དུ་འཚོ་སྡོད་བྱེད་པར་ཕན་ཐོགས་ཆེ་བའི་སྐད་ཡིག་གསར་པ་སྦྱོང་རྒྱུའི་རླབས་ཆེན་གྱི་གོ་སྐབས་གནང་བྱུང་། བོད་པ་ཙམ་མ་ཡིན་པར་གོ་སྐབས་ཡག་པོ་མ་རག་པའི་མི་ཚང་མར་རོགས་རམ་བྱས་ཏེ་ལས་དོན་གནང་མཁན་གྱི་ཚོགས་པ་འདི་འདྲ་ཞིག་འཛུགས་རྒྱུ་སུ་ཞིག་གིས་དྲན་པ་ཡིན་ནམ་ཞེས་མཚམས་མཚམས་གུས་པ་ཡ་མཚན་སྐྱེས་མྱོང་། ངའི་རེ་བར་མ་འོངས་པར་ངས་ཀྱང་འདི་ལྟ་བུའི་ཞབས་ཞུ་བསྒྲུབས་ཐུབ་ན་སྙམ་གྱི་ཡོད། རིགས་འཛིན་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༠༥ པར།
ཕྱི་ལོ་ ༢༠༡༦ ལོར་ང་ལྷ་འཛིན་གྲྭར་འཛུལ་ཞུགས་བྱས་པ་ཡིན། བོད་ཡིག་དང་། འཇར་མན་སྐད་གཉིས་ཀ་གུས་པར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་།
འཆི་མེད། བོད་སྐད་དང་། འཇར་མན་སྐད་ཀྱི་རྨང་གཞིའི་འཛིན་གྲྭའི་སློབ་ཕྲུག
ངས་ལ་དྭགས་ཀྱི་སྐད་དང་། ཧིན་དྷི། ཨིན་ཇི། ཧྥ་རན་སའི་སྐད་སོགས་ཤོད་ཤེས་པ་དང་། བོད་སྐད་དང་། འཇར་མན་སྐད་ཀྱང་ཅུང་ཙམ་ཤེས་ཀྱི་ཡོད་ཅེས་སྤོབས་པ་དང་བཅས་ཏེ་བཤད་ཐུབ། ལྷ་ཚོགས་པས་སྤྱི་ཚོགས་འདྲ་མིན་གྱི་ནང་དུ་དྭང་བླངས་ཀྱི་ཞབས་ཞུ་སྣ་ཚོགས་སྒྲུབ་བཞིན་ཡོད་སྟབས་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚང་མར་བསླབ་བྱ་ཞིག་གི་ཚུལ་དུ་ག་རེ་ཞུ་འདོད་བྱུང་ཟེར་ན། གལ་ཏེ་ཁྱེད་རང་སློབ་འབྲིང་ནས་ཕྱིར་བུད་པའམ། སློབ་སྦྱོང་གི་གོ་སྐབས་མ་རག་པ་ཡིན་ཡང་། ཁྱོད་ལ་ཆོད་སེམས་དང་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་ཚེ། ལྷ་ཚོགས་པར་ཕེབས་དང་། སྒྲུབ་མི་ཐུབ་པ་གང་ཡང་མེད། གང་ཡིན་ཟེར་ན་ངའི་བསམ་པར་ཁྱོད་ལ་ཨིན་ཇི་དང་། བོད་སྐད། འཇར་མན་སྐད། ཧྥ་རན་སིའི་སྐད། ཀམ་པུ་ཊར་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་གཉིས་པ་ཞིག་འདི་ནས་ཐོབ་ངེས།
ལ་དྭགས་ནས་ཡིན་པའི་དོན་གྲུབ་རྣམ་རྒྱལ་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༠༥ པར།
ང་ལ་མཚོན་ན་ཨིན་ཇི་སྦྱོང་རྒྱུ་ནི་ཧ་ཅང་སྤྱོད་སྒོ་ཆེ་བ་ཞིག་རེད། བོད་དུ་ཕྱིར་ལོག་རྩིས་ཡོད་སྟབས་རྒྱ་ཡིག་འཛིན་གྲྭ་ལ་ཡང་དགའ་པོ་ཡོད། ལྷའི་སྐད་ཡིག་འཛིན་གྲྭ་ནས་ང་ཚོར་དགེ་རྒན་ཤིན་ཏུ་བཟང་པོ་རག་པ་དང་། ལུང་པ་མི་འདྲ་བའི་མི་སྣ་གསར་པ་དང་འཕྲད་རྒྱུའི་གོ་སྐབས་ཀྱང་ཧ་ཅང་ལེགས།
བསྟན་འཛིན་སྒྲོལ་མ། ཨིན་ཇི་འབྲིང་རིམ་འཛིན་གྲྭ་དང་། རྒྱ་ཡིག་རྨང་གཞིའི་འཛིན་གྲྭ།
རྒྱལ་སྤྱིའི་སྐད་ཡིག་འཛིན་གྲྭའི་ཁེ་ཕན་དང་གྲུབ་འབྲས།
ད་བར་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་མཁན་མི་གྲངས་ ༡༢༤༥༨ བྱུང་ཡོད་པ་རྣམས་མང་ཆེ་བ་དང་པོ་ཕྱི་རྒྱལ་སྐད་ཡིག་གི་གསལ་བྱེད་ཙམ་ཡང་མི་ཤེས་མཁན་ཤ་སྟག་རེད། རྒྱུ་མཚན་ནི་ང་ཚོའི་སློབ་ཕྲུག་ཕལ་ཆེ་བ་བོད་ནས་གསར་དུ་འབྱོར་བ་གང་ཞིག་ལ། བཙན་བྱོལ་ནང་གི་སློབ་གྲྭ་ཁག་ལ་འཛུལ་ཞུགས་བྱེད་པར་ལོ་ཚད་སོགས་བརྒལ་ཏེ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་རག་མཁན་དང་། དགོན་པ་ཁག་ནས་ཐོན་པའི་གྲྭ་བཙུན་སོགས་རེད། དེ་དག་མི་རིགས་འདྲ་མིན་ཡོད་པའི་སྤྱི་ཚོགས་ནང་སླེབས་སྐབས་ཕྱི་རྒྱལ་གྱི་སྐད་ཡིག་མི་ཤེས་པས་ཉིན་རེའི་འཚོ་བའི་ནང་འགྲོ་འདུག་སྤྱོད་གསུམ་ལ་ཐད་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་ཐོག་མར་གསལ་བྱེད་མི་ཤེས་མཁན་གྱི་སློབ་ཕྲུག་ཚོས་ཟླ་ཤས་རྗེས་ཟ་སྐད་འཐུང་སྐད་ཤེས་པ་ཆགས་ཏེ་སོ་སོའི་ཉིན་རེའི་འཚོ་བའི་ནང་གི་གལ་ཆེའི་དཀའ་ངལ་ཁག་ཅིག་སེལ་ཐུབ་པ་ཡོང་གི་འདུག དེ་ནས་ལོ་གཉིས་གསུམ་མུ་མཐུད་སྐད་ཡིག་སློབ་སྦྱོང་བྱེད་དུས་སོ་སོ་ངོ་སྤྲོད་བྱེད་ཐུབ་པར་མ་ཟད་མི་གཞན་དང་མཉམ་དུ་ཉམས་མྱོང་བརྗེ་རེས་དང་འབྲེལ་ལམ་གནང་ཐུབ་པ་ཆགས་ཀྱི་འདུག ཁག་ཅིག་སྐད་སྒྱུར་དང་ཡིག་སྒྱུར་ཡང་ཐུབ་པ་བྱུང་སྟེ་ལས་ཀ་བྱེད་མུས་ཡིན། ཨིན་སྐད་ལྟ་བུ་གོ་བརྡ་འཕྲོད་ངེས་ཆགས་ཡོང་དུས་ལས་ཀ་སོགས་རག་པར་གོ་སྐབས་མང་བ་ཡོད་པ་བརྗོད་མ་དགོས་པ་དང་།
ཕྱི་རྒྱལ་ལ་འགྲོ་མཁན་ཚོར་དེས་བས་ཀྱང་ཁེ་ཕན་ཆེན་པོ་ཡོད། དཔེར་ན། ཡོ་རོབ་རྒྱལ་ཁབ་སོགས་སུ་ཕེབས་མཁན་ཚོས་ཧྤ་རན་སི་དང་འཇར་མན་གྱི་སྐད་ཡིག་ཤེས་ཀྱི་ཡོད་ན། ཡུལ་དེར་སླེབས་སྐབས་ཁོང་ཚོའི་འགྲོ་སྟངས་ལྟར་ན་མང་ན་ལོ་གཅིག་དང་ཉུང་ན་ཟླ་བ་དྲུག་ཙམ་རིང་སྐད་ཡིག་སྦྱོང་དགོས་པ་དེར་འགྲོ་མི་དགོས་པར་ཡིག་ཚད་འཕྲོད་ན་ཐད་ཀར་ལས་རིགས་སྦྱོང་བརྡར་བྱེད་སར་འགྲོ་ཆོག་གི་ཡོད་པས། ལས་ཀ་ཡག་པོ་དང་མགྱོགས་པོ་རག་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་ཨིན་སྐད་བེད་སྤྱོད་ཡོད་སའི་རྒྱལ་ཁབ་སོགས་ལ་འགྲོ་མཁན་ཚོས་ཡུལ་དེར་སླེབས་སྐབས་སྐད་ཡིག་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཅིང་། ལས་ཀའི་གོ་སྐབས་སོགས་རང་བཞིན་གྱིས་མང་བ་ཡོད་པར་མ་ཟད། ཕྱོགས་མཐའ་རུ་འགྲུལ་བཞུད་སྐབས་སྐད་ཡིག་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་པ་ཆགས་ཏེ་རང་ཉིད་ལ་རང་དབང་དང་གདེང་ཚོད་ཡོད་པའི་ངང་འགྲོ་སྐྱོད་ཐུབ་ཀྱི་ཡོད་པ་དེས་ཉིན་རེའི་འཚོ་ཐབས་ལ་ཕན་ཐོགས་ངེས་ཅན་བྱུང་ཡོད། རྒྱ་ཡིག་སྦྱོང་མཁན་ལ་མཚོན་ན་རིགས་གཅིག་བོད་ལ་ལོག་རྒྱུའི་དམིགས་ཡུལ་ཡོད་པ་དང་། ཡང་རིགས་གཅིག་ཕྱི་རྒྱལ་ལ་འགྲོ་ཐུབ་ན་ལས་ཀའི་གོ་སྐབས་སོགས་ཡག་པོ་ཡོད་པའི་རྒྱུན་མཚན་ལ་བརྟེན་ནས་ཡིན།
ང་ཚོའི་འཛིན་གྲྭའི་ནང་སྐད་ཡིག་སློབ་སྦྱོང་གནང་རྗེས་བོད་ལ་ལོག་མཁན་མང་པོ་བྱུང་འདུག་པས། ཁོང་ཚོ་མང་ཆེ་བ་བོད་ནང་ཡུལ་སྐོར་བའི་སྐད་སྒྱུར་དང་། སྣེ་ལེན་ཞབས་ཞུ། དགེ་རྒན་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་འདུག ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་སྐད་ཡིག་འཛིན་གྲྭའི་སློབ་ཕྲུག་མི་ཉུང་བ་ཞིག་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱེད་ཐུབ་པ་བྱུང་ཡོད་ཅིང་། ལྷག་པར་ང་ཚོའི་དགེ་རྒན་མང་ཆེ་བ་ཕྱི་རྒྱལ་དྭང་བླངས་བ་ཡིན་པས་སྐད་ཡིག་སྦྱང་ཞོར་ལ་ནུབ་ཕྱོགས་ཀྱི་གོམས་གཤིས་དང་རིག་གཞུང་སོགས་རང་བཞིན་གྱིས་ཤེས་ཀྱི་ཡོད་པ་དེ་ལས་རང་ཉིད་ཀྱི་མི་ཚེའི་འཚོ་བའི་ནང་དགོས་མཁོ་ཡོད་པའི་ལེགས་ཆ་མང་པོ་ལེན་རྒྱུ་ཡོད་པ་སྨོས་ག་ལ་དགོས།
ཉེ་བའི་ལོ་ཤས་ནས་བཟུང་མཐོ་སློབ་ཏུ་འགྲོ་མཁན་སློབ་ཕྲུག་མང་པོ་ཞིག་ང་ཚོའི་སྐད་ཡིག་འཛིན་གྲྭར་ཕྱི་རྒྱལ་སྐད་ཡིག་ཡར་རྒྱས་གཏོང་ཆེད་ཡོང་གི་ཡོད་པས་སློབ་ཕྲུག་དེ་དག་ཕྱི་རྒྱལ་བ་རང་དང་མཉམ་དུ་ཕྱི་རྒྱལ་གྱི་སྐད་ཐོག་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་སྟེ། སྒྲ་གདངས་དང་། སྐད་ཆ་ཤོད་སྟངས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག བོད་ཡིག་སྦྱོང་མཁན་ལ་ཆ་མཚོན་ན་དང་པོ་ཀ་ཁ་མི་ཤེས་མཁན་ནས་མཐར་འབྲི་ཀློག་ཤེས་པ་ཆགས་ཏེ་ཁ་འདོན་དཔེ་ཆ་ཀློག་ཐུབ་པར་མ་ཚད་ཉིན་ཐོ་སོགས་འབྲི་ཤེས་པ་ཡང་ཆགས་ཡོད།
མདོར་ན་ང་ཚོས་སྐད་ཡིག་འདྲ་མིན་སློབ་ཁྲིད་བྱས་པ་ལ་བརྟེན་ནས་མི་མང་པོ་ཞིག་གི་འཕྲལ་ཕུགས་རྒྱང་གསུམ་གྱི་འཚོ་གནས་ཀྱི་དཀའ་ངལ་ཆེན་པོ་ཞིག་སེལ་ཐུབ་པ་དེ་ནི་ང་ཚོས་འགྲུབ་འབྲས་ཆེན་པོ་ཞིག་ཐོན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་རོགས་རམ་དགོས་ངེས་ཅན་གྱི་མི་མང་པོར་མི་ཚེའི་འཚོ་གནས་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་བཏང་ཐུབ་ཡོད་པས་རེད་ལ། ཁོང་ཚོ་སྐད་ཡིག་སྦྱོང་དགོས་པའི་དམིགས་ཡུལ་ཡང་དེ་རང་ལས་མ་འདས།