༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་ཀྱི་ཡོད་པ་དང༌། ཚོགས་པ་འདི་ཉིད་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་གསར་འཛུགས་བྱས་ཤིང༌། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་ཁེ་མེད་ཚོགས་པར་ངོས་ལེན་གྱིས་འབྲེལ་ཡོད་ཡིག་ཆ་བཀའ་ཁྲོལ་ཐོབ། ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་འདོན་གྱི་ཡོད་ལ། རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ནས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གི་ཡོད།
ཚོགས་པའི་གཞི་རྩའི་དམིགས་ཡུལ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་གཞི་རིམ་མང་ཚོགས་ལ་དགོས་མཁོ་ཆེ་ཞིང་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང༌། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ། བོད་དོན་སོགས་ཕྱི་རྒྱལ་མི་སྣར་ངོ་སྤྲོད། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། དྭང་བླངས་ཀྱི་འབྲེལ་མཐུད། ལག་ཤེས་སྦྱོང་བརྡར། དཔེ་མཛོད་ཞབས་ཞུ། དཔེ་དེབ་དང༌། གྱོན་གོས། སྨན་སོགས་ཞལ་འདེབས། རིག་གཞུང་བརྗེ་རེས། ཟས་བཅུད་ལྡན་པའི་ཞལ་ལག་དང་ཆུ་གཙང་མའི་མཐུན་རྐྱེན་རོགས་རམ་སོགས་ཀྱི་སྐོར་ལ་ལས་དོན་གང་ཐུབ་བྱེད་ཀྱི་ཡོད་ལ། འདས་པའི་ལོ་བཅུ་གསུམ་རིང་གཙོ་བོ་བོད་རིགས་སློབ་སྦྱོང་གི་གོ་སྐབས་འཐའ་ཁྱོལ་བ་མ་རག་པ་དང་མུ་མཐུད་ཤེས་ཡོན་ལ་དོ་དབྱིངས་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་ལ་བོད་ཡིག་དང༌། ཨིན་ཡིག རྒྱ་ཡིག ཧྥ་རན་སིའི་སྐད་ཡིག སི་ཕན་སྐད་ཡིག གློག་ཀླད་སྦྱོང་བརྡར་སོགས་བསྤྲད་དང་སྤྲོད་བཞིན་པ་ཡིན། སྐབས་ཕྲལ་དགོས་མཁོ་དང་བསྟུན་ཏེ་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་ཡང་གོ་སྒྲིག་ཞུ་བཞིན་ཡོད།
ཕྱི་ལོ་ ༢༠༡༤ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་དྲ་ཚིགས་དང་། དྲ་ཚིགས་ཀྱི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་ཨང་རིམ་དང་པོ་ཐོབ་ཡོད་པ་རེད།
ཚོགས་པས་ཉིན་ལྟར་ཞབས་ཞུ་གཙོ་ཆེ་ཁག་ནི་དབྱིན་ཇིའི་འཛིན་གྲྭ་དྲུག་དང༌། གློག་ཀླད་འཛིན་གྲྭ་གསུམ། ཧྥ་རན་སིའི་སྐད་ཡིག་འཛིན་གྲྭ་གཉིས། རྒྱ་ཡིག་འཛིན་གྲྭ་གསུམ། དེ་བཞིན་འཇར་མན་དང་སི་ཕན་སྐད་ཡིག་སློབ་སྦྱོང་སྤྲོད་བཞིན་པ་དང། ཟས་བཅུད་ལྡན་པའི་ཞལ་ལག་དང་ཆུ་གཙང་མ་སོགས་ཀྱི་སྐོར་ལ་མཐུན་རྐྱེན་རོགས་རམ་བྱེད་མུས་ཡིན། ཕྱི་ལོ་ ༢༠༠༣ ཟླ་ ༧ ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ བར་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་བྱེད་མཁན་མི་གྲངས་ ༡༡༤༠༠ དང༌། གློག་ཀླད་སྦྱོང་མཁན་མི་གྲངས་ ༢༩༥༠ ལྷག་ཙམ། དེ་བཞིན་བསྐུ་མཉེ་ལག་ཤེས་སྦྱོང་བརྡར་སྤྲད་པའི་མི་གྲངས་ ༡༦༩ དང༌། ས་གནས་རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་གྱོན་གོས་ཞལ་འདེབས་སྤྲད་པ་གྲངས་ ༣༨,༠༤༧ བྱུང་ཡོད།
དེ་བཞིན་དཔེ་དེབ་གྲངས་ ༣༤༣༤༠ ཙམ་འབྲེལ་ཡོད་བོད་པ་དང་ས་གནས་རྒྱ་གར་བ་གཉིས་ཀའི་དཔེ་མཛོད་དང༌། ཤེས་ཡོན་སྡེ་ཚན། སློབ་གྲྭ་སོགས་ནང་རིན་མེད་གྱིས་འགྲེམས་སྤེལ་ཞུས་ཡོད། དཔར་ལེན་རྒྱུ་རྩལ་གྱི་སྦྱོང་བརྡར་བསྤྲད་པའི་མི་གྲངས་ ༧༥ དང༌། སྤྱི་ཐབ་ནང་ཁ་ལག་ཟ་མཁན་མི་གྲངས་ ༣༥ ནས་ ༥༠ བར་དང༌། ད་བར་མི་གྲངས་ ༦༢༥ ཙམ་ལ་ཁེ་ཕན་ཐོབ་ཡོད། སྤྱི་ཚོགས་ནང་དགོས་མཁོ་ཡོད་པའི་མི་གྲངས་ ༥༧༦ ལྷག་ཙམ་ལ་རིན་མེད་གྱི་མིག་བརྟག་དཔྱད་དང་འབྲེལ། མི་གྲངས་ ༤༤༥ ལ་རིན་མེད་ཐོག་མིག་ཤེལ་རོགས་རམ་བྱས་ཡོད། མི་གྲངས་ ༦༥༨ ཙམ་ལ་སོ་གཙང་བཟོ་སོགས་ཀྱི་རོགས་རམ་བྱས་ཡོད།
རྒྱལ་ཁབ་བཞི་བཅུ་ལྷག་ནས་ཕྱི་རྒྱལ་དྭང་བླངས་བ་མི་གྲངས་ ༧༤༢༡ ཙམ་དང༌། ཕྱི་རྒྱལ་མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཁག་ནས་སློབ་ཕྲུག་གྲངས་ ༡༥༨༡ ལྷག་དང་མཉམ་རིག་གཞུང་བརྗེ་རེས་བྱས་ཡོད་ལ། ཕྱི་རྒྱལ་མི་སྣ་ ༡༢༤༥ ཙམ་ལ་བོད་པའི་སྐད་ཡིག་གིས་མཚོན་བོད་ཀྱི་རིག་གཞུང་སོགས་འདྲ་མིན་བསླབས་ཡོད། ཟླ་རེར་སློབ་སྦྱོང་བྱེད་མཁན་སློབ་མ་གྲངས་ ༡༥༠ ནས་ ༢༠༠ ཙམ་དང༌། དགུན་ཁ་སློབ་གྲྭའི་གུང་སེང་སྐབས་ཟླ་རེར་སློབ་ཕྲུག་ ༣༠༠ ནས་ ༤༠༠ ཙམ་སློབ་སྦྱོང་བྱེད་མཁན་ཡོང་གི་ཡོད་པ་དང༌། དེ་བཞིན་ཉིན་རེར་ཕྱི་རྒྱལ་དང་བླངས་བ་མི་གྲངས་ ༡༥ ནས་ ༢༥ ཙམ་ང་ཚོའི་མཉམ་དུ་ལས་ཀ་བྱེད་བཞིན་ཡོད།
དེར་མ་ཟད་སྐྱབས་བཅོལ་སྤྱི་ཚོགས་ཀྱི་ཚོགས་སྡེ་སོགས་ལ་དང་བླངས་ཀྱི་ལས་ཀ་བྱེད་མཁན་མང་པོ་འབྲེལ་མཐུད་ཞུས་དང་ཞུ་བཞིན་པ་དང་། བོད་དོན་ཕྱི་རྒྱལ་མི་སྣར་ངོ་སྤྲོད་ཆེད་ཟླ་རེའི་དབྱིན་ཡིག་དུས་དེབ་གཅིག་དཔར་བསྐྲུན་གྱིས་རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད་པ་བཅས་སོ།།