སྤྱིར་སྐད་ཡིག་ནི་ཤེས་བྱའི་གནས་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཆགས་ཡོད་པ་དང་། མི་རིགས་གཞན་དང་འབྲེལ་ལམ། ཉམས་མྱོང་བརྗེ་རེས། གནས་ཚུལ་མཁོ་སྤྲོད་བྱེད་སྐབས་མི་རིགས་གཞན་པའི་སྐད་ཡིག་མ་ཤེས་པ་ཡིན་ན་གོ་བརྡ་སྤྲོད་ཐུབ་པའི་རྒྱུད་ལམ་གཞན་མེད་ཅིང་། ལྷག་དོན་བཙན་བྱོལ་བོད་མི་ལྟ་བུར་མཚོན་ན་ཕྱི་རྒྱལ་སྐད་ཡིག་སློབ་སྦྱོང་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། སྐད་ཡིག་འཛིན་གྲྭའི་ནང་ནས་ཨིན་ཇིའི་སྐད་ཡིག་ནི་འཛམ་གླིང་གི་སྤྱི་སྐད་ལྟ་བུ་ཆགས་ཡོད་ལ། དེ་བཞིན་རྒྱལ་སྤྱིིའི་ནང་བེད་སྤྱོད་ཆེ་བའི་སྐད་ཡིག་ཧྤ་རན་སིའི་སྐད་དང་། རྒྱ་སྐད། འཇར་མན་སྐད། སི་པན་སྐད་སོགས་བཙན་བྱོལ་བོད་མི་ཚོར་ཉིན་རེའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཆགས་ཡོད། ཉེ་བའི་ལོ་ཤས་ནས་བཟུང་བོད་མི་ཆེས་མང་པོ་ཕྱི་རྒྱལ་ཡུལ་གྲུ་གཞན་ལ་སྐྱབས་བཅོལ་དུ་་འགྲོ་སྐབས་གོང་གསལ་གྱི་སྐད་ཡིག་འདི་དག་མ་ཤེས་ན་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། བོད་ཀྱི་སྐད་ཡིག་སློབ་ཁྲིད་ནི་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་སྦྱོང་སྤྱོད་སྤེལ་གསུམ་བྱེད་དགོས་པ་ནི་ང་ཚོའི་འོས་འགན་ཡིན།

ཕྱི་ལོ་ ༡༩༩༧ ལོར་ཚོགས་པ་དང་པོ་གསར་འཛུགས་སྐབས་ཨིན་ཡིག་ཤེས་དགོས་པ་གལ་ཆེན་པོ་མཐོང་སྟེ། ཨིན་ཇིའི་སྐད་ཡིག་འཛིན་གྲྭ་ནི་ཚོགས་པའི་ཐོག་མའི་ཞབས་ཞུ་དེ་ཆགས་ཡོད་ནའང་། ཕྱི་ལོ ༢༠༠༣ ཙམ་བར་འཛིན་ཁང་གི་མཐུན་རྐྱེན་དང་དགེ་རྒན་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་སློབ་ཕྲུག་མང་པོར་གོ་སྐབས་འབུལ་ཐུབ་མེད།

ཡིན་ནའང་བཙན་བྱོལ་ནང་བོད་ནས་གསར་དུ་འབྱོར་བའི་མི་འབོར་མང་དུ་ཕྱིན་པ་དང་བསྟུན། ཕྱི་རྒྱལ་གྱི་སྐད་ཡིག་སྦྱོང་མཁན་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཏེ། ཕྱི་ལོ་ ༢༠༠༤ ནས་བཟུང་འཛིན་ཁང་ཆེ་ཙམ་ཞིག་གླས་ཏེ་འཛིན་གྲྭ་འཚོགས་སའི་མཐུན་རྐྱེན་སོགས་ཡར་རྒྱས་བཏང་ཐུབ་པ་བྱུང་ཡོད། དེ་ནས་ལོ་རེ་བཞིན་སྐད་ཡིག་སྦྱོང་མཁན་གྲྭ་བཙུན་དང་མི་སྐྱ་ཕོ་མོ་སོགས་མང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་ཨིན་ཇིའི་སྐད་ཡིག་འཛིན་གྲྭ་མཐོ་དམན་མི་འདྲ་བ་ལྔ་དང་། དེའི་སྒང་ལ་ཨིན་སྐད་ཁ་བརྡའི་འཛིན་གྲྭ་ཚོགས་རྒྱུའི་འགོ་འཛུགས་བྱས་ཡོད་པ་རེད། ༢༠༠༥ ཙམ་ནས་བོད་མི་ཚོ་ཡོ་རོབ་རྒྱལ་ཁབ་ཁག་ལ་འགྲོ་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན། ཧྤ་རན་སིའི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་པ་དང་། ཐོག་མར་འཛིན་གྲྭ་གཅིག་ལས་མེད་ཅིང་། རིམ་བཞིན་ཧྥ་རན་སིའི་སྐད་ཡིག་སྦྱོང་མཁན་ཇེ་མང་དུ་ཕྱིན་པས་ ༢༠༠༨ ནས་བཟུང་ཧྥ་རན་སིའི་སྐད་ཡིག་འཛིན་གྲྭ་མཐོ་དམའ་གསུམ་ཚོགས་ཀྱི་ཡོད། ཕྱི་ལོ་ ༢༠༡༠ ནས་རྒྱ་ཡིག་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་དང་།

དེ་ཡང་འཛིན་གྲྭ་མཐོ་དམན་གསུམ་འཚོགས་བཞིན་པ་ཡིན། གོང་གསལ་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་བྱེད་མཁན་མང་ཤོས་ཨིིན་ཇིའི་སྐད་ཡིག་འཛིན་གྲྭ་ཡིན་ཞིང་། འཛིན་གྲྭ་དམའ་བའི་ནང་སློབ་ཕྲུག་མང་ཤོས་ ༣༥ ནས་ ༤༠ ལྷག་དང་། མཐོ་བར་སློབ་ཕྲུག་གྲངས་ ༡༥ ནས་ ༢༠ བར་ཡོང་གི་ཡོད། གཉིས་པ་རྒྱ་ཡིག་དང་ཧྥ་རན་སིའི་སྐད་ཡིག་གི་འཛིན་གྲྭ་རེ་རེར་སློབ་ཕྲུག་གྲངས་ ༡༥ ནས་ ༢༥ བར་ཡོད། འཇར་མན་སྐད་ཡིག་འཛིན་གྲྭ་གཅིག་ཡོད་པ་དེའི་ནང་སློབ་ཕྲུག་གྲངས་ ༡༥ ཙམ་དང་། བོད་ཡིག་འཛིན་གྲྭར་སློབ་ཕྲུག་གྲངས་ ༧ ནས་ ༡༠ བར་ཡོད། ཡང་བོད་ཡིག་དམིགས་བསལ་འཛིན་གྲྭའི་ནང་སློབ་ཕྲུག་གྲངས་ ༢༠ ནས་ ༣༥ ཙམ་ཡོད་པ་རེད། ད་ལྟའི་ཆར་ཉིན་རེར་སྐད་ཡིག་འཛིན་གྲྭར་ཡོང་མཁན་མི་གྲངས་ ༡༢༠ ནས་ ༡༥༠ བར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ པར་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ ༡༢༤༥༨ བྱུང་ཡོད་ཅིང་། དེའི་ནང་བོད་པ་ཙམ་མ་ཡིན་པར་ས་གནས་རྒྱ་གར་གྱི་ཡུལ་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཡང་མང་པོ་ཡོད་པར་མ་ཟད། སོག་པོ་དང་། ཐེ་ལན་ཌི། རྒྱ་མི། ཀོ་རེ་ཡ་སོགས་ལྷོ་ཤར་ཨེ་ཤི་ཡ་དང་ཨུ་རུ་སུ་སོགས་ཀྱི་མི་རིགས་ཀྱང་ཡོད་པ་རེད། ད་དུང་སྐད་ཡིག་འཛིན་གྲྭའི་སློབ་ཕྲུག་ཚོར་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱེད་ཀྱི་ཡོད་པས། ད་བར་སློབ་ཕྲུག་གྲངས་ ༡༣༠༠ ལྷག་ཙམ་ལ་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱས་ཡོད། སྤྱིར་སྐད་ཡིག་འཛིན་གྲྭ་ཚང་མ་སློབ་ཡོན་མི་དགོས་པར་རིན་མེད་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། འཛིན་གྲྭར་འཛུལ་ཞུགས་ཆེད་ལོ་གཅིག་ལ་ཧིན་སྒོར་ ༣༠༠ དོད་ཙམ་ལས་ལེན་གྱི་མེད་ཅིང་། ཧིན་སྒོར་ ༣༠༠ དེ་ཡང་འཛིན་གྲྭའི་རྒྱུ་ཆ་མཁོ་སྒྲུབ་ཁོ་ནའི་ཆེད་དུ་ཡིན། གལ་སྲིད་སོ་སོ་དུས་ཚོད་ཡོད་ན་སྐད་ཡིག་འཛིན་གྲྭ་ལྔ་ཀར་འདོད་མོས་ལྟར་འགྲོ་ཆོག

ཚོགས་པའི་ཞབས་ཞུའི་ཁེ་ཕན་འཐོབ་མཁན་ཁག་ཅིག་གི་དགོངས་ཚུལ།

གྲོགས་པོ་ཞིག་གི་ས་ནས་ལྷའི་སྐོར་ཐོས་པ་དང་ཨིན་ཇིའི་འཛིན་གྲྭར་འགྲོ་རྒྱུར་འགོ་འཛུགས་བྱས་པ་ཡིན། ཕྱི་ལོ་ ༢༠༡༠ ནས་བཟུང་གུས་པ་ལྷ་ལ་ཡོད་ཅིང་ལྷ་ནི་ཨིན་ཇི་སྦྱོང་ས་མ་ནོར་བ་ཞིག་ཡིན། ང་ལྷའི་འཛིན་གྲྭར་མ་ཡོང་གོང་ཨིན་ཇིའི་གསལ་བྱེད་ཙམ་ཡང་ཤེས་ཀྱི་མེད། སྒྲིག་འཛུགས་འདིས་གུས་པ་མི་གཞན་དང་ལྷན་དུ་འབྲེལ་ལམ་གང་ལེགས་བྱེད་རྒྱུའི་བློ་སྒོ་ཕྱེས་བྱུང་། དབྱར་ཀ་ནམ་ཡིན་ལ་ང་འདིར་ཡོང་གི་ཡོད། ད་ལྟ་ངས་ཨིན་སྐད་ཡག་པོ་ཤོད་ཐུབ་ཀྱི་ཡོད། དེར་བརྟེན་གུས་པར་རོགས་རམ་གནང་མཁན་གྱི་རླབས་ཆེན་དགེ་རྒན་རྣམས་དང་། དྭང་བླངས་པ་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ཚུལ་ཁྲིམས་བསྟན་འཛིན་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༠༥ པར།

ལྷ་ཡིས་ང་དང་འདྲ་བའི་མི་རྣམས་ལ་གཞན་ཡུལ་དུ་འཚོ་སྡོད་བྱེད་པར་ཕན་ཐོགས་ཆེ་བའི་སྐད་ཡིག་གསར་པ་སྦྱོང་རྒྱུའི་རླབས་ཆེན་གྱི་གོ་སྐབས་གནང་བྱུང་། བོད་པ་ཙམ་མ་ཡིན་པར་གོ་སྐབས་ཡག་པོ་མ་རག་པའི་མི་ཚང་མར་རོགས་རམ་བྱས་ཏེ་ལས་དོན་གནང་མཁན་གྱི་ཚོགས་པ་འདི་འདྲ་ཞིག་འཛུགས་རྒྱུ་སུ་ཞིག་གིས་དྲན་པ་ཡིན་ནམ་ཞེས་མཚམས་མཚམས་གུས་པ་ཡ་མཚན་སྐྱེས་མྱོང་། ངའི་རེ་བར་མ་འོངས་པར་ངས་ཀྱང་འདི་ལྟ་བུའི་ཞབས་ཞུ་བསྒྲུབས་ཐུབ་ན་སྙམ་གྱི་ཡོད། རིགས་འཛིན་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༠༥ པར།

ཕྱི་ལོ་ ༢༠༡༦ ལོར་ང་ལྷ་འཛིན་གྲྭར་འཛུལ་ཞུགས་བྱས་པ་ཡིན། བོད་ཡིག་དང་། འཇར་མན་སྐད་གཉིས་ཀ་གུས་པར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་།

འཆི་མེད། བོད་སྐད་དང་། འཇར་མན་སྐད་ཀྱི་རྨང་གཞིའི་འཛིན་གྲྭའི་སློབ་ཕྲུག

ངས་ལ་དྭགས་ཀྱི་སྐད་དང་། ཧིན་དྷི། ཨིན་ཇི། ཧྥ་རན་སའི་སྐད་སོགས་ཤོད་ཤེས་པ་དང་། བོད་སྐད་དང་། འཇར་མན་སྐད་ཀྱང་ཅུང་ཙམ་ཤེས་ཀྱི་ཡོད་ཅེས་སྤོབས་པ་དང་བཅས་ཏེ་བཤད་ཐུབ། ལྷ་ཚོགས་པས་སྤྱི་ཚོགས་འདྲ་མིན་གྱི་ནང་དུ་དྭང་བླངས་ཀྱི་ཞབས་ཞུ་སྣ་ཚོགས་སྒྲུབ་བཞིན་ཡོད་སྟབས་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚང་མར་བསླབ་བྱ་ཞིག་གི་ཚུལ་དུ་ག་རེ་ཞུ་འདོད་བྱུང་ཟེར་ན། གལ་ཏེ་ཁྱེད་རང་སློབ་འབྲིང་ནས་ཕྱིར་བུད་པའམ། སློབ་སྦྱོང་གི་གོ་སྐབས་མ་རག་པ་ཡིན་ཡང་། ཁྱོད་ལ་ཆོད་སེམས་དང་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་ཚེ། ལྷ་ཚོགས་པར་ཕེབས་དང་། སྒྲུབ་མི་ཐུབ་པ་གང་ཡང་མེད། གང་ཡིན་ཟེར་ན་ངའི་བསམ་པར་ཁྱོད་ལ་ཨིན་ཇི་དང་། བོད་སྐད། འཇར་མན་སྐད། ཧྥ་རན་སིའི་སྐད། ཀམ་པུ་ཊར་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་གཉིས་པ་ཞིག་འདི་ནས་ཐོབ་ངེས།

ལ་དྭགས་ནས་ཡིན་པའི་དོན་གྲུབ་རྣམ་རྒྱལ་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༠༥ པར།

ང་ལ་མཚོན་ན་ཨིན་ཇི་སྦྱོང་རྒྱུ་ནི་ཧ་ཅང་སྤྱོད་སྒོ་ཆེ་བ་ཞིག་རེད། བོད་དུ་ཕྱིར་ལོག་རྩིས་ཡོད་སྟབས་རྒྱ་ཡིག་འཛིན་གྲྭ་ལ་ཡང་དགའ་པོ་ཡོད། ལྷའི་སྐད་ཡིག་འཛིན་གྲྭ་ནས་ང་ཚོར་དགེ་རྒན་ཤིན་ཏུ་བཟང་པོ་རག་པ་དང་། ལུང་པ་མི་འདྲ་བའི་མི་སྣ་གསར་པ་དང་འཕྲད་རྒྱུའི་གོ་སྐབས་ཀྱང་ཧ་ཅང་ལེགས།

བསྟན་འཛིན་སྒྲོལ་མ། ཨིན་ཇི་འབྲིང་རིམ་འཛིན་གྲྭ་དང་། རྒྱ་ཡིག་རྨང་གཞིའི་འཛིན་གྲྭ།

 

རྒྱལ་སྤྱིའི་སྐད་ཡིག་འཛིན་གྲྭའི་ཁེ་ཕན་དང་གྲུབ་འབྲས།

ད་བར་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་མཁན་མི་གྲངས་ ༡༢༤༥༨ བྱུང་ཡོད་པ་རྣམས་མང་ཆེ་བ་དང་པོ་ཕྱི་རྒྱལ་སྐད་ཡིག་གི་གསལ་བྱེད་ཙམ་ཡང་མི་ཤེས་མཁན་ཤ་སྟག་རེད། རྒྱུ་མཚན་ནི་ང་ཚོའི་སློབ་ཕྲུག་ཕལ་ཆེ་བ་བོད་ནས་གསར་དུ་འབྱོར་བ་གང་ཞིག་ལ། བཙན་བྱོལ་ནང་གི་སློབ་གྲྭ་ཁག་ལ་འཛུལ་ཞུགས་བྱེད་པར་ལོ་ཚད་སོགས་བརྒལ་ཏེ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་རག་མཁན་དང་། དགོན་པ་ཁག་ནས་ཐོན་པའི་གྲྭ་བཙུན་སོགས་རེད། དེ་དག་མི་རིགས་འདྲ་མིན་ཡོད་པའི་སྤྱི་ཚོགས་ནང་སླེབས་སྐབས་ཕྱི་རྒྱལ་གྱི་སྐད་ཡིག་མི་ཤེས་པས་ཉིན་རེའི་འཚོ་བའི་ནང་འགྲོ་འདུག་སྤྱོད་གསུམ་ལ་ཐད་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་ཐོག་མར་གསལ་བྱེད་མི་ཤེས་མཁན་གྱི་སློབ་ཕྲུག་ཚོས་ཟླ་ཤས་རྗེས་ཟ་སྐད་འཐུང་སྐད་ཤེས་པ་ཆགས་ཏེ་སོ་སོའི་ཉིན་རེའི་འཚོ་བའི་ནང་གི་གལ་ཆེའི་དཀའ་ངལ་ཁག་ཅིག་སེལ་ཐུབ་པ་ཡོང་གི་འདུག དེ་ནས་ལོ་གཉིས་གསུམ་མུ་མཐུད་སྐད་ཡིག་སློབ་སྦྱོང་བྱེད་དུས་སོ་སོ་ངོ་སྤྲོད་བྱེད་ཐུབ་པར་མ་ཟད་མི་གཞན་དང་མཉམ་དུ་ཉམས་མྱོང་བརྗེ་རེས་དང་འབྲེལ་ལམ་གནང་ཐུབ་པ་ཆགས་ཀྱི་འདུག ཁག་ཅིག་སྐད་སྒྱུར་དང་ཡིག་སྒྱུར་ཡང་ཐུབ་པ་བྱུང་སྟེ་ལས་ཀ་བྱེད་མུས་ཡིན། ཨིན་སྐད་ལྟ་བུ་གོ་བརྡ་འཕྲོད་ངེས་ཆགས་ཡོང་དུས་ལས་ཀ་སོགས་རག་པར་གོ་སྐབས་མང་བ་ཡོད་པ་བརྗོད་མ་དགོས་པ་དང་།

ཕྱི་རྒྱལ་ལ་འགྲོ་མཁན་ཚོར་དེས་བས་ཀྱང་ཁེ་ཕན་ཆེན་པོ་ཡོད། དཔེར་ན། ཡོ་རོབ་རྒྱལ་ཁབ་སོགས་སུ་ཕེབས་མཁན་ཚོས་ཧྤ་རན་སི་དང་འཇར་མན་གྱི་སྐད་ཡིག་ཤེས་ཀྱི་ཡོད་ན། ཡུལ་དེར་སླེབས་སྐབས་ཁོང་ཚོའི་འགྲོ་སྟངས་ལྟར་ན་མང་ན་ལོ་གཅིག་དང་ཉུང་ན་ཟླ་བ་དྲུག་ཙམ་རིང་སྐད་ཡིག་སྦྱོང་དགོས་པ་དེར་འགྲོ་མི་དགོས་པར་ཡིག་ཚད་འཕྲོད་ན་ཐད་ཀར་ལས་རིགས་སྦྱོང་བརྡར་བྱེད་སར་འགྲོ་ཆོག་གི་ཡོད་པས། ལས་ཀ་ཡག་པོ་དང་མགྱོགས་པོ་རག་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་ཨིན་སྐད་བེད་སྤྱོད་ཡོད་སའི་རྒྱལ་ཁབ་སོགས་ལ་འགྲོ་མཁན་ཚོས་ཡུལ་དེར་སླེབས་སྐབས་སྐད་ཡིག་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཅིང་། ལས་ཀའི་གོ་སྐབས་སོགས་རང་བཞིན་གྱིས་མང་བ་ཡོད་པར་མ་ཟད། ཕྱོགས་མཐའ་རུ་འགྲུལ་བཞུད་སྐབས་སྐད་ཡིག་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་པ་ཆགས་ཏེ་རང་ཉིད་ལ་རང་དབང་དང་གདེང་ཚོད་ཡོད་པའི་ངང་འགྲོ་སྐྱོད་ཐུབ་ཀྱི་ཡོད་པ་དེས་ཉིན་རེའི་འཚོ་ཐབས་ལ་ཕན་ཐོགས་ངེས་ཅན་བྱུང་ཡོད། རྒྱ་ཡིག་སྦྱོང་མཁན་ལ་མཚོན་ན་རིགས་གཅིག་བོད་ལ་ལོག་རྒྱུའི་དམིགས་ཡུལ་ཡོད་པ་དང་། ཡང་རིགས་གཅིག་ཕྱི་རྒྱལ་ལ་འགྲོ་ཐུབ་ན་ལས་ཀའི་གོ་སྐབས་སོགས་ཡག་པོ་ཡོད་པའི་རྒྱུན་མཚན་ལ་བརྟེན་ནས་ཡིན།

ང་ཚོའི་འཛིན་གྲྭའི་ནང་སྐད་ཡིག་སློབ་སྦྱོང་གནང་རྗེས་བོད་ལ་ལོག་མཁན་མང་པོ་བྱུང་འདུག་པས། ཁོང་ཚོ་མང་ཆེ་བ་བོད་ནང་ཡུལ་སྐོར་བའི་སྐད་སྒྱུར་དང་། སྣེ་ལེན་ཞབས་ཞུ། དགེ་རྒན་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་འདུག ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་སྐད་ཡིག་འཛིན་གྲྭའི་སློབ་ཕྲུག་མི་ཉུང་བ་ཞིག་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱེད་ཐུབ་པ་བྱུང་ཡོད་ཅིང་། ལྷག་པར་ང་ཚོའི་དགེ་རྒན་མང་ཆེ་བ་ཕྱི་རྒྱལ་དྭང་བླངས་བ་ཡིན་པས་སྐད་ཡིག་སྦྱང་ཞོར་ལ་ནུབ་ཕྱོགས་ཀྱི་གོམས་གཤིས་དང་རིག་གཞུང་སོགས་རང་བཞིན་གྱིས་ཤེས་ཀྱི་ཡོད་པ་དེ་ལས་རང་ཉིད་ཀྱི་མི་ཚེའི་འཚོ་བའི་ནང་དགོས་མཁོ་ཡོད་པའི་ལེགས་ཆ་མང་པོ་ལེན་རྒྱུ་ཡོད་པ་སྨོས་ག་ལ་དགོས།

ཉེ་བའི་ལོ་ཤས་ནས་བཟུང་མཐོ་སློབ་ཏུ་འགྲོ་མཁན་སློབ་ཕྲུག་མང་པོ་ཞིག་ང་ཚོའི་སྐད་ཡིག་འཛིན་གྲྭར་ཕྱི་རྒྱལ་སྐད་ཡིག་ཡར་རྒྱས་གཏོང་ཆེད་ཡོང་གི་ཡོད་པས་སློབ་ཕྲུག་དེ་དག་ཕྱི་རྒྱལ་བ་རང་དང་མཉམ་དུ་ཕྱི་རྒྱལ་གྱི་སྐད་ཐོག་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་སྟེ། སྒྲ་གདངས་དང་། སྐད་ཆ་ཤོད་སྟངས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག བོད་ཡིག་སྦྱོང་མཁན་ལ་ཆ་མཚོན་ན་དང་པོ་ཀ་ཁ་མི་ཤེས་མཁན་ནས་མཐར་འབྲི་ཀློག་ཤེས་པ་ཆགས་ཏེ་ཁ་འདོན་དཔེ་ཆ་ཀློག་ཐུབ་པར་མ་ཚད་ཉིན་ཐོ་སོགས་འབྲི་ཤེས་པ་ཡང་ཆགས་ཡོད།

མདོར་ན་ང་ཚོས་སྐད་ཡིག་འདྲ་མིན་སློབ་ཁྲིད་བྱས་པ་ལ་བརྟེན་ནས་མི་མང་པོ་ཞིག་གི་འཕྲལ་ཕུགས་རྒྱང་གསུམ་གྱི་འཚོ་གནས་ཀྱི་དཀའ་ངལ་ཆེན་པོ་ཞིག་སེལ་ཐུབ་པ་དེ་ནི་ང་ཚོས་འགྲུབ་འབྲས་ཆེན་པོ་ཞིག་ཐོན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་རོགས་རམ་དགོས་ངེས་ཅན་གྱི་མི་མང་པོར་མི་ཚེའི་འཚོ་གནས་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་བཏང་ཐུབ་ཡོད་པས་རེད་ལ། ཁོང་ཚོ་སྐད་ཡིག་སྦྱོང་དགོས་པའི་དམིགས་ཡུལ་ཡང་དེ་རང་ལས་མ་འདས།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་སློབ་ཡོན་ལས་འཆར་དེ་བཞིན་༢༠༡༨ ནས་འགོ་འཛུགས་བྱས་ཡོད་ཅིང་། ང་ཚོའི་དམིགས་ཡུལ་གཙོ་བོ་རང་རིགས་གཞོན་སྐྱེས་རྣམས་འཛིན་རིམ་༡༢ ཚར་ནས་རང་ཉིད་ཀྱི་སློབ་སྦྱོང་མུ་མཐུད་ནས་བྱེད་འདོད་ཡོད་ཀྱང་ཁྱིམ་གྱི་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པའི་སློབ་སྦྱོང་མཚམས་འཇོག་དགོས་པ་མི་ཉུང་བ་ཞིག་འབྱུང་གི་ཡོད་པས། ང་ཚོས་རང་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་ཕུག་གི་དམིགས་འདུན་འགྲུབ་པའི་ཆེད་དུ་དམིགས་ནས་ལས་འཆར་དེ་མཇུག་སྐྱོང་བྱེད་རྒྱུ་འབད་བརྩོན་བྱེད་བཞིན་ཡོད། ལས་འཆར་དེའི་མཐུན་འགྱུར་ལ་བརྟེན་ནས་༢༠༡༨ ལ་གཞོན་སྐྱེས་སྨན་ཞབས་མ་གསུམ་སློབ་ཐོན་ཐུབ་པ་བྱུང་ཡོད།

ང་ཚོས་སློབ་ཕྲུག་སོ་སོའི་འདོད་བློ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དང་། གཞན་ཡང་རང་ཉིད་ཀྱི་གདམ་པའི་སློབ་སྦྱོང་མུ་མཐུད་ནས་བྱ་འདོད་ཡོད་པ་རྣམས་ལ་དུས་ནས་དུས་སུ་རམ་འདེགས་ཞུ་མུས་ཡིན། ༢༠༡༩ ལ་སློབ་མ་བུ་ཆུང་ལ་ hotel management course ལོ་གཅིག་གི་སློབ་ཡོན་ཆ་ཚང་མཐུན་འགྱུར་བྱས་ཐུབ་ཡོད་པ་དང་། དེ་མིན་སློབ་ཕྲུག་མི་ཉུང་བ་ཞིག་ལ་ང་ཚོའི་ངོས་ནས་ཤེས་ཡོན་གྱི་ཐོག་མུ་མཐུད་ནས་ཤར་བསྐྱོད་བྱེད་ཐུབ་པའི་མཐུན་འགྱུར་ཞུ་བཞིན་ཡོད།

ང་ཚོའི་ཀམ་པུ་ཊར་འཛིན་གྲྭ་ནི་ཚོགས་པ་གསར་འཛུགས་སྐབས་ཀྱི་ལས་གཞི་ཞིག་ཡིན། དེ་ཡང་དུས་རབས་ཉེར་གཅིག་པ་འདི་བརྡ་འཕྲིན་དུས་རབས་ལ་ངོས་འཛིན་བྱེད་བཞིན་ཡོད་པས། བཙན་བྱོལ་བོད་མི་ཚོ་དུས་རབས་ཀྱི་རྗེས་ཟིན་པ་ཞིག་འགྲོ་དགོས་ན་ཀམ་པུ་ཊར་གྱི་སློབ་ཚན་ནི་མེད་དུ་མི་རུང་བ་ཆགས་ཡོད་པ་རེད། དེ་བཞིན་ལས་ཀའི་གོ་སྐབས་དང་ཉིན་རེའི་འཚོ་བའི་དགོས་མཁོ་ལ་གཞིགས་ཏེ་ཀམ་པུ་ཊར་སློབ་སྦྱོང་ནི་དགོས་མཁོ་ཧ་ཅང་ཆེན་པོ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སྐབས་དེར་ཀམ་པུ་ཊར་འགའ་ཤས་ལས་མེད་ཀྱང་། དེ་དག་དོན་དང་ལྡན་པའི་བེད་སྤྱོད་ཀྱིས་ཐུགས་སྣང་ཅན་མང་པོར་ཉིན་ལྟར་སློབ་ཚན་འཁྲིད་ཀྱི་ཡོད།

ཕྱི་ལོ་ ༢༠༠༨ ལོར་ཀམ་པུ་ཊར་བཅུ་ཙམ་གསར་ཉོས་ཀྱིས་འཛིན་གྲྭ་ཁག་ཡར་རྒྱས་བཏང་སྟེ། ཀམ་པུ་ཊར་འཛིན་གྲྭ་ནང་ཀམ་པུ་ཊར་རྨང་གཞིའི་ཤེས་བྱ་ངོ་སྤྲོད་ཀྱིས། དེ་ནས་མཛུབ་གནོན་ལྕགས་པར་དང་། སྐར་ཁུང་མཉེན་ཆས་ཀྱི་བྱེད་ལས། བེད་སྤྱོད་གཏོང་སྟངས། དེའི་ཐོག་ལས་ཀ་བྱེད་སྟངས་སོགས་སློབ་ཁྲིད་བྱེད་ཀྱི་ཡོད། ཀམ་པུ་ཊར་གྱི་མཁྲེགས་ཆས་ཁག་ངོ་སྤྲོད་དང་དེའི་བྱེད་ལས། དེ་ནས་མཐོ་རིམ་འཛིན་གྲྭར་པར་བཟོ་སྒྲིག་བྱེད་སའི་མཉེན་ཆས་ (Photoshop) ངོ་སྤྲོད་ཀྱིས་པར་དང་། དེབ། ཡིག་ཆ་རིགས་མཛེས་ཆ་ཇུས་འགོད (Indesign) སོགས་སློབ་ཁྲིད་བཅས་རྩ་བའི་སྡེ་ཚན་གཉིས་སུ་ཕྱེས་ཡོད་ཅིང་། ད་དུང་ང་ཚོས་ཁྱད་ལས་དྭང་བླངས་བ་ཡོད་སྐབས་སུ་ཀམ་པུ་ཊའི་ཆེས་མཐོའི་ཤེས་བྱ་དང་། དྲ་ལམ་བདེ་འཇགས། དྲ་ཚིགས་སྐོར་དམིགས་བསལ་གྱི་སྦྱོང་བརྡར་ཡང་གོ་སྒྲིག་གིས། དཔེར་ན། དྲ་ཚིགས་ཇུས་འགོད་དང་། གསར་བཟོ། དོ་དམ་སོགས་གྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད། ད་བར་ཐུགས་སྣང་ཅན་མི་གྲངས་ ༢༩༥༥ ལ་ཀམ་པུ་ཊར་སློབ་ཁྲིད་བྱས་ཡོད་ཅིང་། ཉིན་ལྟར་རྨང་གཞིའི་འཛིན་གྲྭ་གཉིས་དང་མཐོ་རིམ་འཛིན་གྲྭ་གཅིག་བཅས་འཛིན་གྲྭ་གསུམ་ཚོགས་ཏེ། ཉིན་རེར་སློབ་ཕྲུག་ ༡༥ ནས་ ༢༠ ཙམ་ལ་སློབ་ཁྲིད་ཀྱི་དུས་ཡུན་ཟླ་བ་གཅིག་ཡིན། དེ་བཞིན་སློབ་ཕྲུག་གྲངས་ ༢༣༠ ཙམ་ལ་རིན་མེད་ཀམ་པུ་ཊར་སློབ་སྦྱོང་གི་གོ་སྐབས་རག་ཡོད་པར་མ་ཟད། བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འགའ་ཤས་ཀྱི་ལས་བྱེད་ལ་ཡང་རིན་མེད་སྦྱོང་བརྡར་གྱི་གོ་སྐབས་ཕུལ་ཡོད། དྲ་ཚིགས་གསར་བཟོ་དང་དོ་དམ་གྱི་སྦྱོང་བརྡར་ཐེངས་ ༡༢ ཙམ་གོ་སྒྲིག་གིས་འབྲེལ་ཡོད་ཚོགས་སྡེ་ཁག་གི་ལས་བྱེད་དང་སློབ་ཕྲུག་གྲངས་ ༡༢༧ ཙམ་ལ་ཕན་ཐོགས་གང་ལེགས་བྱུང་ཡོད། ཕྱི་ལོ་ ༢༠༠༩ དང་ ༢༠༡༠ སོ་སོར་ཐའེ་ཝན་གྱི་གཙུག་ལག་སློབ་གྲྭ་ཞིག་གི་ཀམ་པུ་ཊར་སྡེ་ཚན་དང་མཉམ་འབྲེལ་གྱིས་སློབ་ཕྲུག་མང་པོར་རིན་མེད་ཀམ་པུ་ཊར་གྱི་རྨང་གཞིའི་སྦྱོང་བརྡར་སྤྲད་ཡོད་པ་རེད།

ཀམ་པུ་ཊར་སྦྱོང་མཁན་མང་ཆེ་བ་སྔོན་ཆད་སྦྱོང་མྱོང་མེད་མཁན་ཡིན་ཞིང་། དེ་ཡང་ཀམ་པུ་ཊར་སྒོ་ཕྱེ་སྟངས་དང་མཛུབ་གནོན་བེད་སྤྱོད་ཀྱི་ཡིག་ཆ་ནང་འཇུག་དང་ཉར་ཚགས་བྱེད་སྟངས་ནས་འགོ་འཛུགས་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་པས། དུས་ཡུན་ཟླ་བ་གཅིག་རིང་ཀམ་པུ་ཊར་གྱི་རྨང་གཞིའི་ཤེས་བྱར་ཤེས་རྟོགས་ཡོང་གི་ཡོད་པར་མ་ཟད། དྲ་ལམ་བེད་སྤྱོད་གཏོང་སྟངས་དང་། མྱུར་འཕྲིན་ཁ་བྱང་གསར་བཟོ་དང་དེའི་ཐོག་ནས་འབྲེལ་ལམ་བྱེད་སྟངས། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་བེད་སྤྱོད་གཏོང་སྟངས། དྲ་ལམ་ནས་གསར་འགྱུར་དང་འབྲེལ་ཡོད་ཤེས་བྱ་འཚོལ་ཞིབ་བྱེད་སྟངས་སོགས་ཤེས་ཏེ་སློབ་ཕྲུག་མང་པོའི་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་སོང་ནས་བློ་སྐྱེད་ཆེན་པོ་རག་ཡོད། མཐོ་རིམ་འཛིན་གྲྭ་ལ་ཆ་མཚོན་ན་དེབ་དང་དྲིལ་བསྒྲགས་ཀྱི་ཡིག་ཆའི་རིགས་མཛེས་ཆ་བྱུས་འགོད་དང་། དྲ་ཚིགས་གསར་བཟོ་དང་དོ་དམ་བྱེད་སྟངས་སོགས་སློབ་ཁྲིད་བྱས་པར་བརྟེན་ནས། སློབ་ཕྲུག་མང་པོ་ཞིག་དེབ་དང་ཡིག་ཆའི་རིགས་རང་རྐྱ་འཕེལ་བའི་བྱུས་འགོད་བྱེད་ཐུབ་མཁན་ཆགས་ཡོད་ཅིང་།

བསྐུ་མཉེའི་སྦྱོར་བརྡར་འཛིན་གྲྭ་འདི་ཕྱི་ལོ་ ༢༠༠༩ ལོར་གསར་འཛུགས་བྱས་ཡོད་པ་དང་། ཐོག་མར་ཚོགས་པའི་དཔལ་འབྱོར་འདུ་འགོད་ཆེད་ལས་བྱེད་ཚོར་སྦྱོང་བརྡར་གྱིས། ཚོགས་པ་འདིའི་གནས་སྟངས་སྐྱོ་བའི་སྐབས་ཕྱི་རྒྱལ་ཡུལ་སྐོར་བ་ཚོར་བསྐུ་མཉེ་བཏང་བ་བརྒྱུད་ཚོགས་པའི་ཉིན་རེའི་འགྲོ་སོང་ལ་ཕན་ཐོགས་གང་ལེགས་བྱུང་ཡོད། དེ་རྗེས་བོད་པའི་སྤྱི་ཚོགས་ནང་ལས་མེད་དཀའ་ངལ་ཡོད་པར་བརྟེན། ཕྱི་རྒྱལ་བ་བསྐུ་མཉེའི་སྐོར་ལ་ཁྱད་ལས་པ་གདན་ཞུས་ཀྱིས་བསྐུ་མཉེའི་སྦྱོང་བརྡར་ཐེངས་ ༡༦ གོ་སྒྲིག་གིས་བོད་རིགས་ལས་མེད་དང་ལས་རིགས་འདིར་ཐུགས་འདོད་ཡོད་མཁན་མི་གྲངས་ ༡༦༩ ལ་བསྐུ་མཉེའི་སྦྱོང་བརྡར་སྤྲད་དེ། བོད་རིགས་ལས་མེད་མི་ཉུང་བ་ཞིག་གི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༩ པར་ཨ་རི་ཁོ་ལ་ར་ཌོ་བྷོ་ཌར་མཐོ་སློབ་ཀྱི་བསྐུ་མཉེའི་སྡེ་ཚན་གྱི་ (Boulder College of Massage Therapy) བསྐུ་མཉེའི་ཁྱད་ལས་པ་དང་དགེ་རྒན་བཅུས་བོད་རིགས་ཐུགས་འདོད་ཡོད་མཁན་མི་གྲངས་ ༣༠ ལ་སྦྱོང་བརྡར་སྤྲད་ཡོད་པ་དང་།

སྦྱོང་བརྡར་སྤྲོད་སའི་ཉལ་ཁྲི་དང་རྐུབ་སྟེགས་ཚང་མ་ཨ་རི་ནས་ནང་འདྲེན་བྱས་པ་ཤ་སྟག་རེད། ད་ཆ་ང་ཚོས་བསྐུ་མཉེའི་སྦྱོང་བརྡར་སྤྲད་པའི་སློབ་ཕྲུག་མང་པོ་ཕྱིའི་རྒྱལ་ཁབ་གང་སར་ལས་རིགས་འདིའི་ཐོག་ལས་ཀ་བྱེད་བཞིན་པ་ལྟར། ཁོ་ཚོའི་ལས་ཀའི་གོ་སྐབས་དང་འཚོ་གནས་ཡར་རྒྱས་གཏོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད།

༢༠༡༩ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རང་རིགས་གཞོན་སྐྱེས་སློབ་གཉེར་གྱི་གོ་སྐབས་མ་ཐོབ་པ་རྣམས་ལ་རང་ཉིད་འཚོ་ཐབས་ཀྱི་ཆེད་དུ་དུས་ཐུང་ལག་ཤེས་སྦྱོང་བརྡར་མི་ཉུང་བ་ཞིག་བྱེད་མུས་ཡིན་ལ་ང་ཚོའི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་རྣམས་ཀྱིས་གང་སྦྱངས་པའི་ལག་ཤེས་དེས་རང་ཉིད་འཛམ་གླིང་ཤར་ཉུབ་གང་དུ་བསྐྱོད་ཀྱང་རང་ཉིད་ཀྱི་འཚོ་བའི་མཐུན་རྐྱེན་དུ་འགྱུར་ཐུབ་པ་དེ་ཡིན། ༢༠༡༩ ལོ་གཅིང་པུར་བཙན་བྱོལ་ནང་གཞོན་སྐྱེས་༨༥ཙམ་ལས་འཆར་དེའི་ནང་འཛུལ་ཞུགས་ཀྱིས་ཁེ་ཕན་ཐོབ་པ་བྱུང་ཡོད།

ང་ཚོའི་འཚོ་ཐབས་ཀྱི་ཆེད་ལག་ཤེས་སྦྱོང་བརྡར་ནི། འཐུང་ཆུ་མངར་རིགས་འདྲ་མིན་བཟོ་སྟངས་དང་། Bartending, ་སྲོལ་རྒྱུན་བོད་ཀྱི་ཕུར་མཉེ་སྦྱོང་བརྡར་། ཁ་ལག་འདྲ་མིན་བཟོ་སྟངས། ཕྱི་ལུགས་སྦོས་སོབ་བག་ལེབ་མངར་མོ་རིགས་བཟོ་སྟངས། Bakery སེན་མོའི་མཛེས་བཟོའི་སྦྱོང་བརྡར། མཛེས་བཟོའི་སྦྱོང་བརྡར། གཟུགས་གཞི་ལས་འཕེར་གྱི་དགེ་རྒན་སྦྱོང་བརྡར་བཅས་གཙོ་བཟུང་ཐོག་ཟུར་དུ་སྐད་ཡིག་སློབ་སྦྱོང་དང་སྒེར་གྱི་དཔལ་འབྱོར་འཚོ་སྒྲུབ་དང་འབྲེལ་བའི་སློབ་ཚན་བཅས་མཉམ་སྦྱར་ཞུ་བཞིན་ཡོད། རང་རིགས་སྤྱི་ཚོགས་སུ་གཞོན་སྐྱེས་མི་ཉུང་བ་ཞིག་སློབ་གྲྭའི་གོ་སྐབས་ཤོར་བའམ་མ་ཐོབ་པས་རྐྱེན་གྱིས་གཞོན་སྐྱེས་ལས་མེད་མང་དག་ཅིག་འབྱུང་གི་ཡོད་པར་བརྟེན། དེ་དག་གི་ཆེད་དུ་དམིགས་ནས་ལས་འཆར་དེ་གོ་སྒྲིག་ཞུས་པ་ཞིག་ཡིན། ང་ཚོའི་ལས་འཆར་དེ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་སུ་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ཡོད་པ་རྣམས་སེལ་ཐུབ་པའི་རེ་བ་སྙིང་དབུས་ནས་ཞུ་བཞིན་ཡོད། སྦྱོང་བརྡར་དེ་དག་གྲུབ་མཚམས་སུ་ང་ཚོས་གཞོན་སྐྱེས་ཚོའི་མྱོང་ཚོར་དང་ལས་འཆར་དེའི་ཡར་རྒྱས་གཏོང་དགོས་པ་གང་ཡོད་པ་རྣམས་ཁོ་ཚོའི་བརྒྱུད་ལོན་བྱེད་བཞིན་ཡོད།།

མིའི་རྣམ་དཔྱོད་དང་ཤེས་ཡོན་ཡར་རྒྱས་འགྲོ་བར་མཁས་དབང་དང་ཤེས་ལྡན་མི་སྣའི་གསུང་བཤད་ནི་ཆེས་དགོས་མཁོ་ཆེ་ཞིང་མེད་ཐབས་མེད་པ་ཞིག་ཡིན་པས། ང་ཚོས་བརྗོད་གཞི་འདྲ་མིན་ཐོག་མཁས་དབང་དང་། ཤེས་ལྡན་པ། འབྲེལ་ཡོད་ཁྱད་ལས་པ་སོགས་གདན་ཞུས་ཀྱིས་གསུང་བཤད་དང་ཟབ་སྦྱོང་སོགས་གོ་སྒྲིག་ཞུ་བཞིན་ཡོད། དེ་ཡང་ཕྱི་རྒྱལ་གྱི་དགེ་སློབ་དང་ཁྱད་ལས་པ། ཉམས་ཞིབ་པ་ཚོར་ཆ་མཚོན་ན་བོད་བརྒྱུད་ནང་བསྟན་སྐོར་བརྗོད་གཞི་འདྲ་མིན་དང་། བོད་ཀྱི་ཆབ་སྲིད་གནས་བབས། བོད་ཀྱི་སྨན་རྩིས་དང་རིག་གཞུང་སྐོར། གཙོ་བོ་ང་ཚོའི་རིག་གཞུང་བརྗེ་རེས་གནང་མཁན་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོ་ཁག་དང་། ཁྱད་ལས་པའི་ཚོ་ཁག་མི་འདྲ་བ་མང་པོར་ནང་པའི་ལྟ་གྲུབ་སྐོར་བརྗོད་གཞི་སྣ་མང་གི་ཐོག་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུང་བཤད་ལོ་ལྟར་ཐེངས་གཉིས་ནས་གསུམ་བར་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལོ་ལྟར་གསུང་བཤད་ཐེངས་ཁ་ཤས་གནང་གི་ཡོད། དེ་མིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ང་ཚོའི་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོར་ཐེངས་གཅིག་གསུང་བཤད་གནང་བ་དང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འགའ་ཤས། ཕྱི་དྲིལ་བཀའ་བློན་ཟུར་པ་བདེ་སྐྱིད་ཆོས་དབྱངས་ལགས་དང་། བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ཀརྨ་ཆུང་བདག དེ་བཞིན་འབྲེལ་ཡོད་ཕྱི་དྲིལ་ལས་བྱེད། ཆབ་སྲིད་བཙོན་ཟུར། ཉམས་ཞིབ་པ། ཤེས་ཡོན་སྡེ་ཚན་གྱི་མི་སྣ་སོགས་གདན་ཞུས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གོ་སྒྲིག་གང་མང་ཞུས་ཡོད།

བོད་པའི་སྤྱི་ཚོགས་ནང་ལ་ཆ་མཚོན་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་སྤྱི་ཚོགས་ཞབས་ཞུའི་གལ་གནད་སྐོར་གསུང་བཤད་དང་། ཕྱི་ལོ་ ༢༠༡༥ ཟླ་ ༤ པར་བྱིས་པའི་འབྲི་ཀློག་གོང་འཕེལ་སླད་སློབ་གསོའི་གསུང་བཤད་དང་ཟབ་སྦྱོང་ཐེངས་གཉིས་གོ་སྒྲིག་ཞུས་ཏེ། ལས་གཞི་དེའི་ནང་ཟབ་ཁྲིད་གནང་མཁན་གཙོ་བོ་ནི་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཟུར་པ་འཇམ་དབྱངས་རྒྱལ་མཚན་ལགས་དང་། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་སོགས་ཡོད་ཅིང་། ལས་གཞི་དང་པོ་ནི་འཛམ་གླིང་གི་སྒྲུང་གཏམ་ཉིན་མོ་སྲུང་བརྩི་ཞུས་པར་ཕ་མ་དང་ཕྲུ་གུ་ ༣༠༠ ལྷག་ཙམ་གྱིས་ཟབ་སྦྱོང་དེའི་ཆ་ཤས་བླངས་ཤིང་། བྱིས་པའི་སྒྲུང་དེབ་ ༡༠༠༠ བརྒལ་བ་རིན་མེད་འགྲེམ་སྤེལ་བྱས་ཡོད། སླར་ཡང་ལོ་དེའི་ཕྱི་ཟླ་དྲུག་པའི་ནང་ང་ཚོས་བྱིས་པའི་འབྲི་ཀློག་གོང་འཕེལ་སླད་ལས་འགུལ་གཉིས་པ་གོ་སྒྲིག་ཞུས་ཤིང་། སྐབས་དེར་ཕ་མ་ ༤༢ ལ་བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་བའི་ཐབས་ལམ་སྐོར་ལ་དམིགས་པའི་ཟབ་སྦྱོང་གོ་སྒྲིག་ཞུས། དེ་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དང་དྷ་སའི་ཕ་མའི་ཚོགས་ཆུང་གི་ཚོགས་མི་སོགས་ལ་ཤེས་ཡོན་སྐོར་གཏམ་བཤད་གོ་སྒྲིག་དང་། ཟས་བཅུད་དང་འཕྲོད་བསྟེན་སྐོར་གྱི་ཁྱད་ལས་དྭང་བླངས་བས་ང་ཚོའི་སློབ་མ་ཚོར་ཟས་བཅུད་སྐོར་གྱི་རྨང་གཞིའི་སློབ་ཁྲིད་དང་། ཟ་འཐུང་གི་གོམས་གཤིས་སོགས་ཀྱི་སྐོར་དུས་ནས་དུས་སུ་སློབ་ཁྲིད་གནང་ཡོད།

དེ་བཞིན་སྤྱི་ཚོགས་ནང་གོ་རྟོགས་སྤེལ་དགོས་པའི་གནད་དོན་དཔེར་ན་ཁོར་ཡུག་སྲུང་སྐྱོབ་སྐོར་དང་། འཕྲོད་བསྟེན་ཤེས་བྱ། གཉན་ནད་རེག་དུག མཆིན་པའི་གཉན་ཚད། ས་འགུལ་གྱི་རྒྱུན་ཤེས་སོགས་ཀྱི་སྐོར་གཏམ་བཤད་འདིའི་རིགས་ང་ཚོས་སྤྱི་ཚོགས་ནང་ཡང་ནས་ཡང་དུ་གོ་སྒྲིག་ཞུ་བཞིན་ཡོད་པ་རེད།

དྲ་ཚིགས་གསར་བཟོ་དང་དོ་དམ་བྱེད་མཁན་གྱི་ཁྱད་ལས་པ་ཆགས་ཏེ། ང་ཚོའི་སྤྱི་ཚོགས་ནང་ཀམ་པུར་ཊར་གྱི་སློབ་ཁྲིད་དང་དྲ་ཚིགས་འཆར་འགོད་དང་དོ་དམ་བྱེད་ཐུབ་མཁན་མི་ཉུང་བ་ཞིག་སྐྱེས་སྲིང་བྱེད་ཐུབ་པ་བྱུང་ཡོད། ཚོགས་པར་ཀམ་པུ་ཊར་སྦྱངས་པར་བརྟེན་ནས་སྤྱི་ཚོགས་ནང་ལས་ཀ་རག་ལས་སླ་པོ་དང་གོ་སྐབས་མང་བ་སོགས་ཀྱི་ཕན་ཐོགས་བྱུང་ཡོད་པར་མ་ཟད། བོད་པའི་སྤྱི་ཚོགས་ནང་དྲ་ཚིགས་གསར་བཟོའི་ཁྱད་ལས་པ་མིན་ཉུང་བ་ཞིག་དང་ཕྱི་རྒྱལ་གྱི་ཁྱད་ལས་པའི་དབར་ཕན་ཚུན་ངོ་སྤྲོད་དང་མཉམ་ལས་ཀྱིས་སོ་སོར་དྲ་ཚིགས་གསར་བཟོ་དོ་དམ་ཐོག་ལག་རྩལ་ཡར་རྒྱས་འགྲོ་བར་ཕན་ཐོགས་བྱུང་ཡོད་པ་རེད།