རྩ་རླུང་ལུས་སྦྱོང་འཛིན་གྲྭ།
རྩ་རླུང་ལུས་སྦྱོང་འཛིན་གྲྭ་འདི་དེ་སང་འཛམ་གླིང་གང་སར་དར་ཁྱབ་ཀྱིས་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༣ ལོར་ཚོགས་པ་འདི་གསར་འཛུགས་གནང་མཁན་དང་འགན་འཛིན་གཅིག་ལྕོག་བྱམས་པ་ཚེ་རིང་ལགས་ལྷོ་ཕྱོགས་རྒྱ་གར་གྱི་རྩ་རླུང་ལུས་སྦྱོང་གི་སྦྱོང་བརྡར་བྱེད་སར་ཆེད་གཏོང་གིས་དགེ་རྒན་སྦྱོང་བརྡར་ཐོན་ཞིང་།
ཕྱི་ལོ་ ༢༠༠༤ ཚོགས་པར་རྩ་རླུང་ལུས་སྦྱོང་འཛིན་གྲྭ་ཚོགས་རྒྱུར་འགོ་འཛུགས་བྱས། དུས་དེ་ནས་བཟུང་བོད་རིགས་དང་ཕྱི་རྒྱལ་སོགས་ཉིན་ལྟར་རྩ་རླུང་ལུས་སྦྱོང་འཛིན་གྲྭ་འཚོགས་ཀྱི་ཡོད་ཅིང་། མཚམས་རེ་ཉིན་རེར་འཛིན་གྲྭ་གཉིས་ཡང་ཚོགས་ཐུབ་པ་བྱུང་འདུག བྱམས་པ་ཚེ་རིང་གིས་ཕྱི་ལོ་ ༢༠༠༦ ལོར་ལས་གནས་ནས་རྩ་དགོངས་མ་ཞུས་བར་རྩ་རླུང་ལུས་སྦྱོང་འཛིན་གྲྭར་སློབ་ཁྲིད་བྱས་ཤིང་།
ཕྱི་ལོ་ ༢༠༠༥ ལོར་ཡང་བསྐྱར་ཚོགས་པའི་ལས་བྱེད་བཀྲ་ཤིས་རྡོ་རྗེ་ལྷོ་ཕྱོགས་སུ་རྩ་རླུང་ལུས་སྦྱོང་གི་དགེ་རྒན་སྦྱོང་བརྡར་བྱེད་པར་ཆེད་གཏོང་གིས་སྦྱོང་བརྡར་ཐོན་རྗེས་ཚོགས་པར་ཕྱི་ལོ་ ༢༠༠༧ ཟླ་ ༧ བར་སློབ་ཁྲིད་བྱས་ཤིང་། དེ་ནས་ཕྱི་ལོ་ ༢༠༠༩ ལོར་ང་ཚོ་ལྷའི་སློབ་ཕྲུག་བསོད་ནམས་ཚེ་དབང་ཡང་བསྐྱར་ལྷོ་ཕྱོགས་ལ་རྩ་རླུང་ལུས་སྦྱོང་འཛིན་གྲྭར་སྦྱོང་བརྡར་ལ་བཏང་ནས་ང་ཚོའི་རྩ་རླུང་ལུས་སྦྱོང་འཛིན་གྲྭ་འདི་ཕྱི་ལོ་ ༢༠༡༣ བར་འཛིན་གྲྭ་འཚོགས་ཐུབ་པ་བྱུང་ཡོད་ལ། དུས་ཡུན་དེའི་རིང་བོད་རིགས་དང་ས་གནས་ཡུལ་མི། དེ་བཞིན་ཕྱི་རྒྱལ་བ་སོགས་མི་གྲངས་ ༡༣༠༠ ལྷག་ཙམ་རྩ་རླུང་ལུས་སྦྱོང་འཛིན་གྲྭ་ལས་ཁོང་ཚོའི་འཕྲོད་བསྟེན་དང་བདེ་ཐང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།