རྩ་ཆེའི་གཟེངས་རྟགས་གསུམ་ཐོབ་པའི་སྐོར།
ཕྱི་ལོ་ ༢༠༡༦ ཟླ་ ༡༠ པའི་ནང་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག དྷ་ས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་དང་པོ་དེ་བསྐོང་ཚོགས་སྐབས། སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཚོགས་པ་ཁ་ཤས་ལ་ཐུགས་རྗེ་ཆེ་ཞུའི་བྱ་དགའ་དང་། སྤྱི་ཚོགས་ཞབས་ཞུའི་བྱ་དགའ། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་སོགས་གཟེངས་བསྟོད་བྱ་དགའ་འདྲ་མིན་གནང་ཡོད་ཅིང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་མཛད་སྒོར་མཉམ་ཞུགས་ཀྱིས་ཚོགས་པའི་སྐུ་ཚབ་གནང་སྟེ་བྱ་དགའ་དེ་བླངས་པ་རེད། ས་གནས་འགོ་འཛིན་གྱིས་ལྷ་ལ་ཁོར་ཡུག་གཙང་བཟོའི་བྱ་དགའ་དེ་ནི་ལྷའི་ལས་བྱེད་དང་། སློབ་མ། དྭང་བླངས་བ་རྣམས་ཀྱིས་ཁོར་ཡུག་ཉིན་མོ་དང་། སའི་གོ་ལའི་ཉིན་མོ་བཅས་ལ་དུས་ནས་དུས་སུ་དྷ་སའི་གཡས་གཡོན་གྱི་ཁོར་ཡུག་གཙང་བཟོ་དང་། དེ་དག་ལ་མཉམ་ཞུགས་གང་ལེགས་གནང་ཡོད་པ་དེར་ངོས་འཛིན་དང་ཆེ་མཐོང་བྱས་པ་ཡིན་སྐོར་བརྗོད་ཡོད།
ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༩ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤེ་ཡའི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་ནས་ “དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་’’ གྱི་གཟེངས་རྟགས་ཨང་དང་པོ་དེ་ཐོབ་ཡོད་པ་རེད། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་དང་། དྲུང་ཆེ་ཚེ་རིང་དབང་འདུས་ལགས། ལས་འཆར་ལས་བྱེད་རྡོ་རྗེ་སྐྱིད་ལགས་བཅས་མཛད་སྒོར་ཆེད་བཅར་གྱིས་ཚོགས་པའི་ཚབ་ཞུས་ནས་གཟེངས་རྟགས་བླངས་ཤིང་། སྐབས་དེར་དྲུང་ཆེ་ཚེ་རིང་དབང་འདུས་ལགས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ཚོགས་པའི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། འདེམས་སྒྲུབ་པ་དང་མི་མང་གི་དྲི་བར་ལན་འདེབས་བྱས། མཛད་སྒོ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་རང་བྱུང་བསྟི་གནས་ཁང་དུ་ལྡི་ལིར་ཡོད་པའི་རྒྱ་གར་གྱི་གྲངས་རིགས་ནུས་སྤེལ་ཐེབས་རྩ་ཁང་ (Digital Empowerment Foundation) དང་། ཨ་རིར་རྟེན་གཞི་བྱས་པའི་གཞུང་འབྲེེལ་མ་ཡིན་པའི་ཚོགས་པའི་དྲ་བྱང་ (org) གསར་བཟོ་མཁན་ (Public Interest Registry) མང་ཚོགས་ཁེ་ཕན་དེབ་སྐྱེལ་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་འོག ཐོག་མར་སྡེ་ཚན་མི་འདྲ་བ་དྲུག་གི་འོས་གཞིའི་ནང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། པཱ་ཀི་སི་ཐན། ཨ་ཧྥ་གྷན་ནི་སི་ཐན། བྷང་ལ་དྷི་ཤི། འབྲུག སིང་གྷ་ལ། མལ་དྷི་ཝས་བཅས་རྒྱལ་ཁབ་བརྒྱད་ཀྱི་ནང་ནས་གཞུང་འབྲེལ་མིན་པའི་ཚོགས་པ་གྲངས་ ༢༢༥ འཛུལ་ཞུགས་བྱས་ཡོད་པ་དང་། “དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་” ཞེས་པའི་སྡེ་ཚན་དེའི་ནང་ནས་བྱ་དགའ་ཨང་དང་པོ་ཐོབ་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤེ་ཡའི་ནང་བརྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་ཨང་གཉིས་པ་དེ་ཐོབ་ཡོད་པ་དང་།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་གྲངས་རིགས་ནུས་སྤེལ་ཐེབས་རྩ་ཁང་ (Digital Empowerment Foundation) གིས་གོ་སྒྲིག་འོག ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པས་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་རྟིང་མའི་འདེམས་སྒྲུབ་ཀྱི་མཛད་སྒོ་ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཧཱ་བྷེ་ཊ་ཊི་སན་ཊར་ (Habitat Centre) རུ་འཚོགས་ཡོད་ཅིང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་དང་། དྲུང་ཆེ་འབྲུག་བསྟན་སྐྱིད་ལགས། ལས་དྲུང་ཚེ་རིང་དབང་འདུས་ལགས་བཅས་མཛད་སྒོར་ཆེད་བཅར་གྱིས་ཚོགས་པའི་ཚབ་ཞུས་ནས་གཟེངས་རྟགས་བླངས་ཤིང་། དྲུང་ཆེ་འབྲུག་བསྟན་སྐྱིད་ལགས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་། ཚོགས་པའི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། འདེམས་སྒྲུབ་པ་དང་མི་མང་གི་དྲི་བར་ལན་འདེབས་བྱས། ཐོག་མར་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། ཨ་ཧྤི་གྷ་ནི་སི་ཐན། པཱ་ཀི་སི་ཐན། སིང་ག་ལ། བྷང་ལ་དྷེ་ཤེ་བཅས་ཀྱི་ནང་བརྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྟོང་ཕྲག་མང་པོ་ཡོད་པའི་ནང་ནས་། བརྡ་འཕྲིན་བེད་སྤྱོད་ཡག་ཤོས་གཏོང་མཁན་སྡེ་ཚན་བརྒྱད་ལ་ཆ་བགོས་ཀྱིས་ཚོགས་སྡེ་གྲངས་ ༣༠༧ འདེམས་སྒྲུབ་བྱས་ཡོད་པ་དང་། དེ་དག་ནང་མཐའ་མའི་འདེམས་སྒྲུག་སྐབས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་གཟེངས་རྟགས་དང་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། གཟེངས་རྟགས་མཛད་སྒོ་གཉིས་ཀའི་སྐབས་ཚོགས་སྡེ་སོ་སོས་དུས་ཡུན་སྐར་མ་ ༡༥ རིང་ཚོགས་པའི་ལས་དོན་ངོ་སྤྲོད་དང་། ཚོགས་པའི་ལག་དེབ་འགྲེམས་སྤེལ། ཚོགས་ཁང་གི་གཡས་གཡོན་དུ་པར་རིས་དང་འགྲེལ་བཤད་ཡོད་པའི་འཕྲད་དར་སོགས་བསྒྲེངས་ཏེ་མཛད་སྒོའི་ཐོག་ཁྱོན་མི་གྲངས་སྟོང་ཕྲག་འགའ་ཤས་འདུ་འཛོམས་སར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ངོ་སྤྲོད་ལབ་དེབ་དང་། ཁོར་ཡུག་གོ་རྟོགས་ལག་དེབ། ལྷག་པར་དུ་འབྲེལ་གཏུག་དུས་དེབ་ (Contact magazine) སོགས་འགྲེམས་སྤེལ་རྒྱ་ཆེར་བྱས་སྟབས། བོད་དང་བོད་མིའི་གནས་སྟངས་སྐོར་ལའང་ངོ་སྤྲོད་དང་འགྲེལ་བརྗོད་གང་ལེགས་ཐུབ་པ་བྱུང་ཡོད།