དྲན་ཤེས་ལྡན་པའི་སྨན་གྱི་ཚོགས་ཆེན་ཐེངས་གཉིས་པ།
ཕྱི་ཟླ་བཅུ་པའི་ཚེས་ ༢༩ ནས་ཚེས་ ༣༡ བར་ལྷ་ཚོགས་པས་བདེ་ལེགས་སྨན་ཁང་དང་། སྨན་རྩིས་ཁང་། ཨོར་ལན་གསར་པའི་ཨོ་ཁཱ་སི་ནར (Ochsner) གསོ་རིག་བསྟི་གནས་ཁང་། ལུ་སཱི་ཡ་ནའི་དང་མི་སི་སི་པེ་འཕྲོད་བསྟེན་སྒྲིག་འཛུགས་ (Mississippi Hospice and Palliative Care Organisation) ལུ་སི་ཡ་ན་ཧི་མ་ལ་ཡའི་ཚོགས་པ་སོགས་དང་མཉམ་དུ་དྲན་ཤེས་ལྡན་པའི་སྨན་གྱི་ཚོགས་ཆེན་གཉིས་པ་དེ་གོ་སྒྲིག་བྱས་པ་རེད།
ཚོགས་ཆེན་དེའི་བརྗོད་གཞི་གཙོ་བོ་ནི་ལུས་སེམས་ཀྱི་འབྲེལ་བ་ “Mind Body Connection.” ཞེས་པ་དེ་ཡིན་ཞིང་། ཚོགས་ཞུགས་པ་རྣམས་ཀྱིས་སྙིང་རྗེ་དང་། སྒོམ། དྲན་ཤེས་བརྟན་གསལ་སོགས་ཀྱི་སྐོར་བགྲོ་གླེང་གནང་སོང་བ་དང་། ཚོགས་ཞུགས་པ་བཅོ་ལྔ་ཙམ་ཡོད་པ་ནི་ཨ་རི་དང་། སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་སོགས་ནས་ཕེབས་པའི་སྨན་པ་དང་སྨན་ཞབས་པ་སོགས་ཡིན།
དམིགས་གསལ་གསུང་བཤད་གནང་མཁན་ནི་བདེ་ལེགས་སྨན་ཁང་གི་སྨན་པ་གཙོ་བོ་སྐུའི་བླ་སྨན་པ་ལྷ་རྗེ་ཚེ་བརྟན་རྡོ་རྗེ་ལགས་དང་། ཨོར་ལན་གསར་པའི་ཨོ་ཁཱ་སི་ནར (Ochsner) གསོ་རིག་བསྟི་གནས་ཁང་གི་གཉན་ཁ་ཅན་གྱི་རིམ་ནད་ཚན་ཁག་གི་ (The Department of Infectious Diseases) གཙོ་སྐྱོང་པ་སྨན་པ་ཁཱེ་རེ་སི་བྷི་ལཱ་སི་ (Dr Chris Blais) ལགས། ཨོ་ཁཱ་སི་ནར (Ochsner) གསོ་རིག་བསྟི་གནས་ཁང་གི་སྨན་པ་བྷི་རིའིན་ཁཱི་ར་ཟཱ་ (Dr Brian Cruz) མཆོག སྨན་རྪིས་ཁང་གི་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས། ཨོ་ཁཱ་སི་ནར (Ochsner) གསོ་རིག་བསྟི་གནས་ཁང་གི་མིག་དཔྱད་རིག་པ་ (Ophthalmology) ཡི་ཚན་ཁག་གི་གཙོ་སྐྱོང་བ་སྨན་པ་ཇཱོ་ན་ཐཱན་ན་སཱི་དྷོར་ཧྥུ་ (Dr Jonathan Nussdorf) ལགས་སོགས་དང་། བོད་པའི་སྤྱི་ཚོགས་ནས་དགེ་བཤེས་གཉིས་ཀྱང་གསུང་བཤད་གནང་བར་གདན་འདྲེན་ཞུས་ཡོད།
དེ་ཡང་སྐུའི་བླ་སྨན་པ་ལྷ་རྗེ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་སྙིང་རྗེ་དང་སྨན་སྐོར་ནས་གསུང་བཤད་གནང་བ་མ་ཟད། ནུབ་ལུགས་ཀྱི་སྨན་བོད་པའི་སྤྱི་ཚོགས་ནང་ལག་ལེན་བྱེད་སྐབས་ཀྱི་བཞེད་ཚུལ་དང་། ནད་པ་དང་སྨན་པའི་འབྲེལ་བའི་ནང་སྙིང་རྗེ་གལ་ཆེ་ཚུལ་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་བ་དང་།
སྨན་པ་ཁཱེ་རེ་སི་བྷི་ལཱ་སི་ (Dr Chris Blais) ལགས་ཀྱིས་གཉན་ཁར་སྟང་འཛིན་བྱེད་ཐབས་སྐོར་གསུང་བཤད་གནང་ཞིང་། སྨན་པ་བྷི་རིའིན་ཁཱི་ར་ཟཱ་ (Dr Brian Cruz) མཆོག་གིས་སྔོན་འགོག་སྨན་གྱི་ལག་ལེན་སྐོར་གསུང་བཤད་གནང་བ། སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྲོལ་རྒྱུན་བོད་སྨན་གྱི་སྐོར་གསུང་བཤད་གནང་། དེ་བཞིན་སྨན་པ་ཇཱོ་ན་ཐཱན་ན་སཱི་དྷོར་ཧྥུ་ (Dr Jonathan Nussdorf) ལགས་ཀྱིས་མིག་ནད་སོགས་ཀྱི་སྐོར་ནས་གསུང་བཤད་གནང་བ་སོགས་གསུང་བཤད་དང་བགྲོ་གླེང་ལྷུག་པོར་གནང་བ་རེད།
དེ་རྗེས་ཨ་རིའི་སྨན་པ་ཚོས་བདེ་ལེགས་སྨན་ཁང་དང་། སྨན་རྩིས་ཁང་སོགས་སུ་གཟིགས་སྐོར་ལ་ཕེབས་པ་སོགས་ཐེངས་འདིའི་ལས་རིམ་ཡོངས་སུ་མཇུག་གྲུབ་པ་དང་། ཚོགས་ཆེན་འདི་ནི་ལོ་ལྟར་ཕྱི་ཟླ་བཅུ་པའི་ནང་ལྷས་གོ་སྒྲིག་བྱེད་བཞིན་པའི་ལས་འཆར་ཞིག་ཆགས་ཀྱི་ཡོད་པ་རེད།