སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མངོན་བསྟོད་གླེགས་བམ་ཆེད་རྩོམ་བསྡུའི་གསལ་བསྒྲགས།
༄༅།།ཤེས་རིག་ལང་ཚོའི་དཔལ་གྱིས་རབ་ཏུ་ཕྱུག་པའི་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ཀྱི་སྙན་དབང་དེུ།
ཆེད་ཞུ། དགོངས་གསལ་བཞིན་ཕྱི་ལོ་༢༠༡༤ཟླ་༡༡ཚེས་༥ཉིན་ནི་ལུགས་གཉིས་ཤེས་བྱའི་གནས་ལ་མཁྱེན་པ་མཆོག་ཏུ་ཡངས་ཤིང་། བསྟན་སྲིད་བྱ་བའི་ཁུར་ཆེན་ཕྲག་ཏུ་བཞེས་པ་
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བརྟེན། གང་གི་བཀའ་དྲིན་ཞོ་ཤས་ཀྱིས་འཚོ་བའི་ཝཱ་ཎ་སློབ་ཟུར་རྣམས་ནས་རང་རེའི་མེས་པོའི་ཕྱག་བཞེས་ལྟར་དྲིན་ཆེན་གྱི་མི་ལ་དྲིན་གཟོ་བའི་སླད་དུ་འཁྲུངས་སྐར་རྒྱས་པ་ཞིག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གནང་འཆར་གྱིས་གོ་སྒྲིག་ཞུ་སྒོ་ཁག་འགྲོ་མུས་དེ་ལྟར་ཡང་། འུ་ཅག་ན་གཞོན་ཁག་ཅིག་ནས་ཀྱང་མ་བགྲོས་བསམ་པ་གཅིག་མཐུན་མ་བསྐུལ་དང་བས་བླངས་ཏེ་གང་གི་འཁྲུངས་སྐར་ལ་བཀའ་དྲིན་རྗེས་དྲན་དང་རྟེན་འབྲེལ་སྲི་ཞུ་མཚོན་ཕྱིར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཐུགས་འགན་འོག་“བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ།” ཞེས་པའི་དཔེ་དེབ་ཅིག་དཔར་བསྐྲུན་ཞུ་འཆར་ཡོད་ཅིང་། དེ་ནི་རྒྱ་ཆེ་བའི་རིས་མེད་སྨྱུག་ཐོགས་པ་ཡོངས་ཀྱིས་སློབ་དཔོན་གང་གི་འཁྲུངས་སྐར་མཛད་སྟོན་ལ་རྟེན་འབྲེལ་ཞུ་ཕྱིར་བཀའ་དྲིན་རྗེས་དྲན་གྱི་རྩོམ་ཡིག་སྤེལ་སའི་ངོ་བོར་གོ་སྒྲིག་ཞུ་རྒྱུ་ལགས་ན། རྒྱ་ཆེའི་སྨྱུག་ཐོགས་པ་གང་ན་སུ་བཞུགས་ཀྱིས་རྩོམ་ལུས་སྣ་ཚོགས་ཐོག་ནས་བོད་ཨིན་གང་རུང་ནང་རྩོམ་ཡིག་གནང་སྐྱོང་ཡོང་བ་དང་། རྩོམ་ཡིག་གི་ཡིག་འབྲུར་རྒྱས་བཅད་མེད་རུང་། རྩོམ་ཡིག་གང་ཞིག་གླེགས་བམ་དུ་འཁོད་དང་མ་འཁོད་ཀྱི་ཐག་གཅོད་ནི་བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་རྩོམ་སྒྲིག་ཚོགས་ཆུང་ནས་གནང་རྒྱུ་ཡིན་པ་སྔོན་ཚུད་ནས་མཁྱེན་རྟོགས་དགོས་རྒྱུ།
རྩོམ་ཡིག་རྣམས་རྩོམ་པ་པོ་སོ་སོའི་དངོས་མིང་དང་ལོ་རྒྱུས་མདོར་བསྡུས་རེ་བཅས་ ༢༠༡༤ ཕྱི་ཟླ་༩ཚེས་༣༠གོང་དུ་གཤམ་བཀོད་འབྲེལ་གཏུག་ཁ་བྱང་ཐོག་ངེས་གནང་ཡོང་བ་ཞེས་གསལ་བསྒྲགས་སྔོན་སོང་ཡང་། ད་ཆ་རྩོམ་པ་པོ་གང་མང་ཞིག་གིས་དུས་ཚོད་ཐུང་རྐྱེན་གྱིས་རྔོ་ཐོགས་དཀའ་ཚུལ་ཡང་ཡང་གསུངས་པ་ལ་བརྟེན། རྩོམ་ཡིག་འབྱོར་ཚེས་ཕྱིས་བཤོལ་གྱིས་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༡༠ བར་འཇོག་གཏན་འཁེལ་བས། དེའི་ནང་ཚུད་ངེས་པར་དུ་གནང་ཐབས་ཡོང་བ་ཅི་ནས་གནང་སྐྱོང་ཡོང་བ་དང་། ཅི་སྟེ་དགོན་སྡེ་གྲྭ་ཚང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སྒྲིག་འཛུགས། ཤེས་ཡོན་སྡེ་ཚན། དེ་བཞིན་སློབ་གྲྭ་ཁག་ནས་ཀྱང་ཐུགས་རྗེ་ལེགས་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་ཕྱག་བྲིས་གནང་སོན་བྱུང་ནའང་དགའ་བསུ་ཞུ་རྒྱུ་ཡིན། བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་རྩོམ་སྒྲིག་ཚོགས་ཆུང་ནས་ ༢༠༡༤ ཕྱི་ཟླ་ ༨ ཚེས་ ༢༠ ལ་ཕུལ།།
༡། ངག་དབང་རབ་རྒྱས།
༢། བསྟན་འཛིན་ཕན་བདེ།
༣། གཙང་ཕྲུག་སྟོབས་ལགས།
༤། བསོད་ནམས་བཟང་པོ།
༥། བུདྡྷཱ་སྐྱབས།
གློག་འཕྲིན་ཁ་བྱང་།
ཡིག་ཟམ་ཁ་བྱང་།
Lha office
Temple Road, Mcloed Ganj-17629
Dharamshala, Distt. Kangra H.P India
གློག་འཕྲིན་ཁ་བྱང་།
[email protected]
ཁ་པར་ཨང་གྲངས།
98166 89222
སྐད་འཕྲིན་ (WeChat) ཁ་བྱང་།
FIREDRAGON1977 ཡང་ན་ 98166 89222