འཐུང་ཆུ་གཙང་མའི་རོགས་རམ་ལས་གཞི།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༡༡ནས་བཟུང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་དང་ས་གནས་ཡུལ་མིའི་སློབ་གྲྭ་ཁག་ལ་འཐུང་ཆུ་གཙང་མའི་ཆུ་ཚགས་འཕྲུལ་ཆས(R.O)ལས་གཞི་རོགས་རམ་བྱས་དང་བྱེད་བཞིན་པ་ཡིན།
ལས་གཞི་འདིའི་གཞི་རྩའི་དམིགས་ཡུལ་ནི་སློབ་ཕྲུག་ཚོའི་འཕྲོད་བསྟེན་བདེ་ཐང་དང་འཚར་ལོངས་སོགས་ཡག་པོ་ཡོང་ཆེད་ཡིན།
འདས་པའི་ལོ་གསུམ་རིང་རིན་གོང་ཧིན་སྒོར་འབུམ་བཅོ་ལྔ་ལྷག་ཙམ་ཡིན་པའི་འཐུང་ཆུ་གཙང་མའི་འཕྲུལ་ཆས་གསར་འཛུགས་ཀྱི་ལས་གཞི་ཁག་དགུ་ཙམ་ལག་བསྟར་གྱིས་ལམ་ལྷོང་བྱུང་ཡོད་པས། ད་བར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གསར་འཛུགས་བྱས་པའི་ཆུ་གཙང་བཟོ་འཕྲུལ་ཆས་དེ་དག་གིས། ཁྱོན་སློབ་མ་ ༢༠༨༦ དང་དགེ་ལས་ ༢༠༠ ཙམ་ལ་འདང་ངེས་ཀྱི་དྭངས་གཙང་གི་བཙགས་ཆུ་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།
ཆུ་ཚགས་འཕྲུལ་ཆས་མ་ལག་དེ་ཉིད་ Reverse-osmosis ཕྱིར་འགྱུར་སིམ་འཇིག་དང་། Activated Carbon ནག་རྫས་བཙོ་སྦྱངས། Ultra-violet འཕྲོ་འོད་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཆུ་ཚགས་འཕྲུལ་ཆས་ལྷུ་སྒྲིག་མ་ལག་དེར་ཆུ་ལི་ཊར་ ༥༠༠ ཡི་ཤོང་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་དང་། དེས་ཆུ་ཉུང་ཉུང་དང་གློག་མེད་པའི་དུས་སྐབས་སུའང་ཆུ་གསོག་ཉར་དང་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།
ཕྱི་ལོ་༢༠༡༤ལོར་འཐུང་ཆུ་གཙང་མ་བཟོ་བྱེད་ཀྱི་ཆུ་ཚགས་འཕྲུལ་ཆས་གྲངས་ ༥ རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དང་ཨུ་ཏར་རན་ཅལ་མངའ་སྡེ་ནང་ཡོད་པའི་སློབ་གྲྭ་ཁག་ལ་རོགས་རམ་བྱེད་འཆར་ཡོད་པ་རེད།