༄༅།། ཕྱི་ལོ་ ༢༠༡༨ ལོའི་ལྷའི་ལོ་འཁོར་ལས་བསྡོམས་སྙན་ཐོ་མདོར་བསྡུས།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༡༨ ལོར་སྤྱི་ཚོགས་ནང་ཆེས་དགོས་མཁོ་ཆེ་བའི་ལས་འཆར་དང་ལས་གཞི་རྣམ་གྲངས་མི་ཉུང་བ་ལག་བསྟར་དང་། དམིགས་བསལ་ལས་གཞི་གསར་པ་འགའ་ཤས་ལག་བསྟར་གྱིས་ལེགས་གྲུབ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་སྤྱི་ཚོགས་དང་དོན་གཉེར་ཅན་མི་ཉུང་བར་ཕན་ཐོགས་རྒྱ་མི་ཆུང་བར་བྱུང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད།ང་ཚོས་མུ་མཐུད་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ལས་འཆར་གྱི་རྣམ་གྲངས་སྔར་ལས་མང་བ་ཞིག་རྒྱ་སྐྱེད་དང་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་དང་འཆར་གཞི་སྒྲིག་བཞིན་ཡོད་ལ། ཚོགས་པས་དགོས་དམིགས་དང་མཐུན་པའི་བསྒྲུབ་བྱ་གཙོ་བོ་ཁག་ནི་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོ། བོད་དོན་གོ་རྟོགས་དང་དྲིལ་བསྒྲགས། དང་བླངས་ཞབས་ཞུའི་གོ་སྐབས། རྩ་ཆེའི་བོད་ཀྱི་ལེགས་བྱང་དར་སྤེལ། རིག་གཞུང་བརྗེ་རེས་སོགས་གལ་ཆེའི་ལས་གཞི་ཁག་ལག་བསྟར་བྱས་ཏེ་ཕན་ནུས་ལྡན་པའི་གྲུབ་འབྲས་ཡོང་བར་འབད་བརྩོན་བྱེད་ཀྱིན་ཡོད།

ཕྱི་ལོ་ ༡༩༩༧ ལོར་ཚོགས་པ་འདི་གསར་འཛུགས་བྱས་པ་ནས་བཟུང་བྱམས་བརྩེ་དང་གཏོང་ཕོད་ཆེ་བའི་རོགས་སྐྱོར་གནང་མཁན་རྣམ་པ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ལྷག་བསམ་རྣམ་དག་གིས་ཆོད་སེམས་བརྟན་པོའི་ལེགས་སྐྱེས་འབུལ་མཁན་དང་བླངས་བ་ཆེས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་འོག ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་དེ་ཡར་རྒྱས་དང་ལག་བསྟར་དོན་འཁྱོལ་ཡོང་བར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་སོང༌། ཕྱི་ལོ་༢༠༡༨ ལོའི་ང་ཚོའི་ཞབས་ཞུའི་ལས་དོན་ཁག་འཆར་གཞི་ལྟར་ལམ་ལྷོངས་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་ཐོན་བྱུང་སོང་བས། ང་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་བློ་སྤོབས་སྟེར་མཁན་དང། མཐུན་འགྱུར་རོགས་རམ་གནང་མཁན། དེ་བཞིན་དང་བླངས་ལས་བྱེད་སོགས་གཙོས་པའི་འབྲེལ་ཡོད་ཚང་མར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཚོགས་པའི་སྐོར།

བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནི་གཟེངས་རྟགས་ཐོབ་པའི་གཞུང་འབྲེལ་མིན་པའི་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཆེ་ཤོས་ཤིག་ཡིན་ཞིང་། ཚོགས་པ་འདི་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་གསར་འཛུགས་ཀྱིས་མི་ལོ་༢༡ཙམ་ཕྱིན་ཡོད་པ་དང་།རྒྱ་གར་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པ་དང་། ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ། སྙན་ཐོ་འདོན་གྱིན་ཡོད་ཅིང་། རྒྱ་གར་དབུས་གཞུང་བཅའ་ཁྲལ་ལས་ཁུངས་ཀྱིས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་ལོ་ལྟར་གནང་གིན་ཡོད།
དགོས་དམིགས་དང་ལས་རིམ་ཁག

ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། གཞན་ཕན་ཆེད་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོའི་ལས་དོན་སྣ་མང་བྱ་རྒྱུ་དེ་ཡིན་ཞིང་། ཧི་མ་ལ་ཡའི་རི་རྒྱུད་དང་ས་གནས་རྒྱ་གར་མི་མང་ལའང་དེ་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།

39685832 972246099621773 1161809866411474944 n

༢༠༡༨ལོར་ཚོགས་པས་ཉིན་ལྟར་མི་གྲངས་བརྒྱ་ཕྲག་བརྒལ་བར་ཞབས་ཞུ་བསྒྲུབས་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་དང་དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དང་བླངས་བ་མང་པོས་ང་ཚོའི་ཉིན་རེའི་ལས་དོན་ལ་རོགས་འདེགས་གནང་ཞིང་། ཚོགས་པས་ཞབས་ཞུའི་རྣམས་གྲངས་མི་འདྲ་བ་ ༢༠ ཙམ་ཡོད་པ་སྟེ། བོད་ཡིག། ཨིན་ཡིག རྒྱ་ཡིག ཧྥ་རན་སི། འཇར་མན་སོགས་ཀྱི་སྐད་ཡིག་འཛིན་གྲྭ་མཐོ་དམན་འདྲ་མིན་དང་། སྒེར་གྱི་དགེ་རྒན། གློག་ཀླད་འཛིན་གྲྭ་ཁག བཅུད་ལྡན་ཞལ་ལག་མཐུན་རྐྱེན། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ། འཐུང་ཆུ་གཙང་བཟོའི་ལས་གཞི། སྨན་དང་གྱོན་གོས་རིན་མེད་བགོ་འགྲེམ། འབྲེལ་གཏུག་དུས་དེབ་དཔར་སྐྲུན་དང་རིན་མེད་འགྲེམ་སྤེལ། འཕྲོད་བསྟེན་ཞབས་ཞུ་དང་ཁོར་ཡུག་གི་གོ་རྟོགས་ལས་འགུལ། དང་བླངས་ཞབས་ཞུའི་གོ་སྐབས་དང་འབྲེལ་མཐུད། མི་མང་དཔེ་མཛོད། ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་དང་ལྷན་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་སོགས་ཀྱི་ལས་དོན་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་བཞིན་ཡོད། ད་དུང་ང་ཚོས་དང་བླངས་བ་དང་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་རྣམས་ལ་སྣེ་ལེན་དང་། རྒྱུས་སྟོན། ཁྱིམ་ཚང་གནས་སྡོད་གོ་སྒྲིག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་དང་ངོ་སྤྲོད་སོགས་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༡༨ ལོར་ཆ་མཚོན་ན་ང་ཚོའི་ལས་དོན་དང་ཞབས་ཞུ་ཁག་གང་ཅིའི་ཐད་དམིགས་བསལ་དང་གཟི་བརྗིད་ལྡན་པའི་ལོ་ཞིག་བྱུང་སོང་བ་དང་། དེ་ནི་ཚོགས་པའི་དང་བླངས་ཞབས་ཞུ་བ་རྣམས་དང་། སྒེར་སེམས་མེད་པའི་ཐོག་ནས་རོགས་སྐྱོར་གནང་མཁན་སྒེར་བ་དང་། ཚོགས་སྡེ་ཁག་སོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་ཚོགས་པའི་ཞབས་ཞུ་ཁག་ལ་སྤྱི་ཚོགས་དང་མི་སྒེར་སོགས་ཀྱིས་ཐུགས་ཁུར་ཆེན་པོས་ཆ་ཤས་བླངས་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོས་སྒྲུབ་བཞིན་པའི་ལས་གཞི་ཁག་ཡར་རྒྱས་དང་རྒྱུན་གནས་ཐུབ་པ་བྱུང་ཞིང་། ལོ་འདིའི་ནང་ལས་གཞི་གསར་པ་ཁག་ཅིག་ཀྱང་ལག་བསྟར་ཐུབ་པ་བྱུང་སོང་བས། གོ་སྐབས་འདི་བརྒྱུད་དེ་འབྲེལ་ཡོད་ལྷན་རྒྱས་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་འདོད་བྱུང་། ཕྱི་ལོ་ ༢༠༡༨ ལོར་བསྒྲུབས་པའི་ཞབས་ཞུ་དང་ལས་གཞི་རྣམ་གྲངས་ཁག་གཤམ་དུ་ལས་བསྡོམས་ཀྱི་ཚུལ་དུ་མདོར་བསྡུས་ཤིག་བཀོད་ཡོད་པས་གཟིགས་ཞིབ་གནང་རོགས།

༢༠༡༨ ལོར་ཤེས་ཡོན་སྐོར་གྱི་གསུང་བཤད་དང་ཟབ་སྦྱོང་གོ་སྒྲིག་དེ་བཞིན་དམིགས་བསལ་གྱི་ལས་གཞི་ཁག་ལེགས་གྲུབ་བྱུང་བ་གཤམ་གསལ།

education talks 17

བོད་པའི་བུ་མོ་སློབ་ཕྲུག་གསུམ་ལ་སྨན་ཞབས་ཀྱི་སློབ་ཡོན་རོགས་དངུལ།
ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ལོ་གསུམ་གྱི་སྨན་ཞབས་སློབ་སྦྱོང་བྱེད་བཞིན་པའི་བུ་མོ་གསུམ་ལ་སློབ་ཡོན་གྱི་མཐུན་འགྱུར་རོགས་རམ་བྱེད་ཐུབ་པ་བྱུང་ཡོད། བུ་མོ་དེ་དག་ནི་སློབ་སྦྱོང་ལ་འབད་བརྩོན་དང་སྙིང་རུས་ལྡན་ཞིང་། འཛིན་རིམ་བཅུ་གཉིས་ཀྱི་བརྒྱ་ཆ་ལེགས་ཤོས་གྲས་སུ་སླེབས་ཡོད་ནའང་ཁྱིམ་ཚང་གི་མཐུན་རྐྱེན་སོགས་གང་ཅི་ཐད་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ཡོད་པར་བརྟེན།
ང་ཚོའི་ཚོགས་པ་དང་ཨ་རིའི་ཐུ་ལན་གཙུག་ལག་སློབ་གྲྭའི་རིག་གཞུང་བརྗེ་རེས་ཀྱི་སྤྱི་ཚོགས་ཞབས་ཞུ་སློབ་ཕྲུག་ཚོ་ཁག་ (Tulane School of Social Work student group) དང་མཉམ་འབྲེལ་གྱིས་རོགས་དངུལ་བསྡུ་རུབ་ཞུས་ཏེ། ཕྱི་ལོ་ ༢༠༡༡ ལོར་དྷ་ས་རུ་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་ནང་མཉམ་ཞུགས་གནང་མྱོང་མཁན་སློབ་ཕྲུག་ཅིག་ཕྱི་ལོ་ ༢༠༡༧ ལོར་འདས་གྲོངས་སུ་ཕྱིན་པའི་རྗེས་དྲན་ཆེད་ཁོང་གི་ནང་མི་གཙོས་གྲོོགས་ཕོ་མོ་རྣམས་དང། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་ཐུ་ལན་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུ་ཚན་པའི་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚོ་ཁག་བཅས་ཐུན་མོང་ནས་མཐུན་འགྱུར་རོགས་རམ་གནང་བར་བརྟེན། ད་ལྟའི་ཆར་བུ་མོ་སྨན་ཞབས་སློབ་གཉེར་བ་གསུམ་མཐོ་སློབ་ཁག་སོ་སོའི་ནང་སློབ་གཉེར་གནང་བཞིན་ཡོད། དེ་དག་ནི། དང་པོ་སྤོན་ཊ་སློབ་གྲྭ་(CST Poanta School) ནས་སློབ་ཐོན་པའི་ཚེ་རིང་སྒྲོལ་མ་ད་ལྟ་(Mata Sahib Kaur College of Nursing, Chandigarh) སྨན་ཁང་དུ་སྨན་ཞབས་སློབ་གཉེར་གནང་བཞིན་ཡོད།གཉིས་པ་བསྟན་འཛིན་ནོར་སྒྲོན་གྷོ་པལ་པུར་བོད་ཁྱིམ་ (TCV Gopalpur School) ནས་སློབ་ཐོན་གྱིས་ད་ལྟ་( Indraprastha Appolo Hospital Delhi) སྨན་ཁང་དུ་སྨན་ཞབས་སློབ་གཉེར་གནང་བཞིན་ཡོད། གསུམ་པ་ཚེ་རིང་ཆོས་སྒྲོན་སྦེལ་ཀོབ་བོད་ཁྱིམ་(TCV Bylakuppe School)ནས་སློབ་ཐོན་གྱིས་ད་ལྟ་(BGS Academy for Nursing Sciences, Mysore) སྨན་ཁང་དུ་སློབ་གཉེར་གནང་བཞིན་ཡོད་པ་བཅས་དང་།
ཨ་རི་ནས་ཡིན་པའི་སློབ་ཕྲུག་ཚོ་ཁག་དེ་ཉིད་དང་ང་ཚོའི་ཚོགས་པ་མཉམ་འབྲེལ་གྱིས་སྤྱི་ཚོགས་ཞབས་ཞུ་དང་རིག་གཞུང་བརྗེ་རེས་བྱས་ནས་དུས་ཡུན་རིང་པོ་ཕྱིན་ཡོད། འདི་ལོ་སློབ་ཕྲུག་ཚོགས་པ་དེ་དང་སྤྱི་ཚོགས་ཞབས་ཞུ་དང་རིག་གཞུང་བརྗེ་རེས་བྱས་པ་ཐེངས་བཅུ་བདུན་པ་ཆགས་ཀྱི་ཡོད། ཁོང་རྣམ་པས་རྒྱབ་སྐྱོར་ལ་བརྟེན་ནས་བོད་པའི་བུ་མོ་གསུམ་གྱི་མི་ཚེ་མདུན་ལམ་ལ་སྒྲོན་མེ་ཞིག་སྤར་ཐུབ་པ་བྱུང་ཡོད།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཉམས་ཞིབ་པ་གསར་དུ་བསྐོ་གཞག་ཐུབ་པ་བྱུང་ཡོད།

Secular Ethics Fellowship Program 2
༢༠༡༨ ཟླ་ ༥ པའི་ནང་ནས་འགོ་འཛུགས་ཀྱིས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་གདམས་ངག་མང་པོ་གནང་ཡོད་པའི་ནང་ནས་ “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་” དང་ “འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་” ཞེས་པའི་གདམས་ངག་རྣམ་པ་གཉིས་པོར་དེང་སང་འཇིག་རྟེན་ཁྱོན་ཡོངས་ཀྱིས་ངོས་འཛིན་དང་། གདེང་འཇོག་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དང་ལེན་དང་།དཔྱད་ཞིབ། ཉམས་ལེན་གནང་མཁན་ཧ་ཅང་མང་པོ་བྱུང་ཡོད་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་དེའི་སྐོར་ཉམས་ཞིབ་གནང་མཁན་དེ་ཙམ་བྱུང་མེད། འདི་ལོར་ཨ་རིའི་བོད་ཀྱི་ཐེབས་རྩས་རོགས་རམ་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་ཉིད་ང་ཚོའི་སྤྱི་ཚོགས་ནང་དོན་ཕན་ལྡན་པའི་ལག་བསྟར་ཡོང་ཐབས་སྐོར་དུས་ཡུན་ལོ་གཅིག་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཉམས་ཞིབ་པ་ཞིག་གསར་དུ་བསྐོ་གཞག་གིས་ཉམས་ཞིབ་ཞུ་མུས་ཡིན་པ་རེད།

བོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།

47575966 1927767933943293 2459249130673799168 o

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༧ ནས་ ༩ བར་ཨ་རིའི་བོད་ཀྱི་ཐེབས་རྩ་དང་མཉམ་འབྲེལ་གྱིས་བོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་གྲངས་ ༣༠ ཙམ་ཞིག་ལ་༼བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་༽སྐོར་གྱི་ཉིན་གསུམ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཐུབ་ཡོད།ཟབ་སྦྱོང་འདིའི་དགོས་དམིགས་མདོར་བསྡུས་ཤིག་ཀྱང་གསལ་བཤད་ཞུ་འདོད་བྱུང་།ཟབ་སྦྱོང་འདིའི་དགོས་དམིགས་གཙོ་བོ་ནི་༸སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན།ལྷག་པར་དུ་མ་འོངས་བོད་ཀྱི་སོན་རྩ་ཕྲུ་གུ་རྣམས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་བོད་མིའི་ངོས་འཛིན་མ་བརླག་པར། མིང་དོན་མཚུངས་པའི་བོད་མི་ཚད་ལྡན་ཞིག་དང་།གནའ་དེང་ཟུང་འབྲེལ་གྱི་ཤེས་ལྡན་པ་གང་མང་གསོ་སྐྱོང་གནང་ཐབས་ཆེད་དམིགས་པ་ཞིག་ཡིན། མཁྱེན་གསལ་ལྟར་དགེ་རྒན་ནི་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ལོ་སྒྱུར་མཁན་ལྟ་བུ་ཆགས་ཡོད་ཅིང་།ལྷག་དོན་དུ་སྔོན་འགྲོའི་དགེ་རྒན་རྣམས་དེ་བས་གལ་གནད་ཆེན་པོ་ཆགས་ཡོད་སྟབས།བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གང་མང་མང་སྤྲོད་རྒྱུ་གལ་འགངས་ཆེན་པོ་ཞིག་མཐོང་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྔོན་འགྲོའི་དགེ་རྒན་གྲངས་སུམ་ཅུ་ཙམ་ཞིག་ལ་ཉིན་གསུམ་གྱི་རིང་ཟབ་སྦྱོང་འདི་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ནི་སམ་བྷོ་ཊའི་ཁྱབ་ཁོངས་དཔེ་སྟོན་སློབ་གྲྭ་ནས་དགེ་རྒན་༡༥དང་།སྤོན་ཊ་སློབ་གྲྭའི་དགེ་རྒན་༡བདེ་སྐྱིད་གླིང་སློབ་གྲྭ་ནས་དགེ་རྒན་༢སྤུ་རུ་བ་ཉིན་སློབ་ནས་དགེ་རྒན་༡བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ནས་དགེ་རྒན་༧དང་།དེ་དག་ལས་༥བལ་ཡུལ་ནས་ཡོང།ཡོངས་གླིང་སློབ་གྲྭ་ནས་དགེ་རྒན་༣བཅས་ཡིན།

48329458 1921988961188692 1068156871866580992 o

ཟབ་སྦྱོང་ཉིན་གསུམ་རིང་གསུང་བཤད་གནང་མཁན་དང་ཟབ་ཁྲིད་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་མཆོག་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་ཀློག་རྩལ་དང་དཔེ་མཛོད་རྒྱུས་སྟོན་པ་བསོད་ནམས་གངས་བཟང་ལགས།བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་བསོད་ནམས་བདེ་ཆེན་དང་བསྟན་འཛིན་གཡང་སྐྱིད་གཉིས།ཤེས་རིག་ལས་ཁུངས་ནས་གཞི་རིམ་འོག་མའི་ཤེས་ཡོན་འབྲེལ་མཐུད་པ་བསྟན་འཛིན་བདེ་སྐྱིད་ལགས།བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་གི་གནའ་དེང་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས།དེ་བཞིན་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས་བཅས་གདན་ཞུ་བྱས་ཡོད་པ་རེད།

མཁས་པའི་གསུང་བཤད།

 

translator training 16

༢༠༡༨ ཟླ་ ༣ ཚེས་ ༢༩ ཉིན་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་ཨཅརྱ་ཟླ་བ་དོན་འགྲུབ་ལགས་གདན་ཞུས་ཀྱིས་ནང་ཆོས་ཀྱི་བསྒྱུར་གྱི་སྐོར་ལ་མྱོང་ཁྲིད་ཅིག་གོ་སྒྲིག་ཞུས་ཡོད་པས་རང་རིགས་ན་གཞོན་༡༥ཙམ་ལ་སྐད་བསྒྱུར་གྱི་ཉམས་མྱོང་རོགས་འདེགས་ཕན་འབྲས་ལྡན་པ་ཞིག་བྱུང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། ཨཅརྱ་ཟླ་བ་དོན་འགྲུབ་ལགས་ནི་བསྒྱུར་གྱི་སྐོར་ལ་མི་ལོ་༢༥ཙམ་གྱི་ཉམས་མྱོང་ལྡན་པའི་སྒྱུར་ཁྱད་མཁས་མི་སྣ་ཞིག་ཡིན་པ་རེད།
༢༠༡༨ ཕྱི་ཟླ་ ༤ ཚེས་ ༡༦ ནས་ ༡༩ བར་ཉིན་བཞིའི་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་བོད་པ་དང་ཕྱིའི་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་རྩ་ལྔ་ནས་ཕེབས་པའི་དོན་གཉེར་ཅན་མི་གྲངས་བརྒྱད་བཅུ་ཙམ་ལ་ཨིན་སྐད་ཀྱི་ཐོག་ནས་དྲན་པ་ཉེ་བར་གཞག་པ་བཞིའི་སྐོར་གསུང་བཤད་ཅིག་གོ་སྒྲིག་ཞུས་ཡོད།

Pres ervation of the Tibetan language and culture 13

༢༠༡༨ ཟླ་བ་༩ ཚེས་ ༡༩ ཉིན་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་གདན་འདྲེན་གྱིས་ (ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་བོད་པའི་གཞོན་སྐྱེས་ཚོའི་འགན་ཁུར། )ཞེས་པའི་བརྗོད་གཞིའི་ཐོག་རྡ་སའི་ཉེ་འཁོར་དུ་གནས་བཞུགས་རང་རེའི་ན་གཞོན་དོན་གཉེར་ཅན་སུམ་ཅུ་ཙམ་ལ་གསུང་བཤད་ཅིག་གོ་སྒྲིག་བྱས་ཡོད།

༢༠༡༨ ཟླ་ ༨ ཚེས་ ༡༦ ཉིན་ནས་འགོ་འཛུགས་ཀྱིས་ཟླ་ ༡༡ ཚེས་ ༡༦ བར་ཟླ་བ་གསུམ་རིང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་དང་། གྲྭ་བཙུན། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་པ་བཅས་ཁྱོན་སློབ་ཕྲུག་གྲངས་ ༣༠ ཙམ་ལ་བོད་ཡིག་བརྡ་སྤྲོད་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཡོད།

 

རྒྱལ་སྤྱིའི་སྐད་ཡིག་གི་འཛིན་གྲྭ།

International Language Courses 24

འདས་པའི་མི་ལོ་༢༠རིང་ལ་སྒྲུབ་ཟིན་པ་དང་ལས་གཞི་འདི་བཞིན་རྒྱུན་སྐྱོང་གིས་འདི་ལོའི་སྐད་ཡིག་འཛིན་གྲྭ་ཁག་ལ་གསར་དུ་ཐོ་འགོད་བྱེད་མཁན་སློབ་མ་གྲངས་༥༧༢བྱུང་འདུག་པ་དང་། ཕྱི་ལོ་ ༢༠༠༦ ནས་ད་བར་སྐད་ཡིག་འཛིན་གྲྭ་ཁག་ལ་འཛུལ་ཞུགས་བྱེད་མཁན་ཁྱོན་མི་གྲངས་༡༢༧༨༢བྱུང་ཡོད་པ་རེད། ཆ་སྙོམས་ཉིན་ལྟར་འཛིན་གྲྭར་ཡོང་མཁན་སློབ་མ་གྲངས་༡༥༠བརྒལ་གྱི་ཡོད་ཅིང་། ཨིན་ཡིག་འཛིན་གྲྭར་གནས་རིམ་མི་འདྲ་བ་ལྔ་དང་ཁ་བརྡ་འཛིན་གྲྭ རྒྱ་ཡིག་ལ་གནས་རིམ་མི་འདྲ་བ་གཉིས་དང་ཧྥ་རན་སིའི་སྐད་ཡིག་ལ་གནས་རིམ་གཉིས་ཡོད། བོད་ཀྱི་བརྡ་སྤྲོད་དང་སྐད་ཡིག་གི་རྨང་གཞིའི་འཛིན་གྲྭ འཇར་མན་སྐད་ཡིག་འཛིན་གྲྭ་སོགས་བསྡོམས་པའི་ཉིན་ལྟར་འཛིན་གྲྭ་ཁག་ ༡༢ ཙམ་ཚོགས་བཞིན་ཡོད་པ་རེད། ད་དུང་ང་ཚོས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་པའི་སྐད་ཡིག་མི་འདྲ་བ་གཞན་གྱི་འཛིན་གྲྭ་ཚོགས་རྒྱུར་ཡང་གང་ཐུབ་མཐུན་འགྱུར་རོགས་རམ་བྱས་དང་བྱེད་མུས་ཡིན།
ཉིན་ལྟར་ང་ཚོའི་སྐད་ཡིག་འཛིན་གྲྭ་ལས་གཞན་ད་དུང་དང་བླངས་བའི་གྲངས་འབོར་ལ་གཞིགས་ནས་སློབ་མ་སྒེར་སོ་སོར་དགེ་རྒན་ངོ་སྤྲོད་བྱས་ཏེ་ཟུར་ཁྲིད་དགེ་རྒན་བརྒྱུད་ནས་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་ཚོགས་པས་སློབ་མ་༤༠༨ལ་སྒེར་གྱི་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱས་ཡོད། འདི་ལོའི་ཚོགས་པའི་ངོས་ནས་སློབ་མ་གྲངས་༩༧ལ་སྒེར་གྱི་ཟུར་ཁྲིད་དགེ་རྒན་གོ་སྒྲིག་ཞུས་ཡོད་པ་རེད།

གློག་ཀླད་འཛིན་གྲྭ

computer class 5

༢༠༡༨ ལོར་གློག་ཀླད་སྦྱོང་མཁན་སློབ་མ་གསར་པ་གྲངས་ ༩༩ བྱུང་འདུག་པ་ནས་རྨང་གཞི་འཛིན་གྲྭའི་སློབ་མ་གྲངས་༥༦དང་འབྲིང་རིམ་འཛིན་གྲྭའི་སློབ་མ་གྲངས་༣༥དེ་བཞིན་དྲ་ཚིགས་ཇུས་འགོད་ཀྱི་འཛིན་གྲྭའི་སློབ་མ་གྲངས་༨བཅས་ཡིན།ང་ཚོའི་གློག་ཀླད་འཛིན་གྲྭ་ནི་རྨང་གཞིའི་གློག་ཀླད་ཤེས་བྱའི་ངོ་སྤྲོད་དང་། པར་བཟོ་སྒྲིག་བྱེད་སྟངས་དང་ (Photoshop) དེབ་དང་ཡིག་ཆ་རིགས་མཛེས་ཆ་ཇུས་འགོད (Indesign)དང་དྲྭ་རྒྱ་གསར་བཟོ་བྱེད་སྟངས་(webdesign)དེ་བཞིན་གློག་བརྙན་བཟོ་སྟངས་(Film making course)སོགས་སློབ་ཁྲིད་བཅས་རྩ་བའི་སྡེ་ཚན་མི་འདྲ་བ་བཞི་ཡི་ཐོག་ནས་སློབ་ཕྲུག་མི་ཉུང་བ་ཞིག་ལ་གློག་ཀླད་ཀྱི་ཤེས་ཚད་གོང་མཐོར་གཏོང་ཐུབ་པ་བྱུང་ཡོད། ད་དུང་ང་ཚོས་ཁྱད་ལས་དང་བླངས་བའི་ཤེས་ཚད་ལ་དཔག་པའི་དམིགས་བསལ་གྱི་སྦྱོང་བརྡར་ཡང་གོ་སྒྲིག་བྱེད་ཀྱི་ཡོད། ༢༠༡༨ ལོར་ལྟ་བུར་མཚོན་ན་དང་བླངས་གནང་མཁན་དྲ་ཚིགས་ཇུས་འགོད་ཀྱི་ཁྱད་ལས་པ་ཞིག་དང་གློག་བརྙན་བཟོ་སྒྲིག་པ་ཞིག་གདན་ཞུས་ཀྱིས་དོན་གཉེར་ཅན་གྱི་སློབ་མ་ཚོར་དྲ་ཚིགས་ཇུས་འགོད་ཀྱི་འཛིན་གྲྭ་དང་གློག་བརྙན་བཟོ་སྒྲིག་གི་འཛིན་གྲྭ་རེ་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།
འདི་ལོར་དམིགས་བསལ་གྱི་དང་བླངས་མཁན་མ་བྱན་ཁྱད་ལས་པ་ཞིག་གིས་ཁ་ལག་བཟོ་རྒྱུར་དོ་དབྱིངས་ཅན་སློབ་མ་ཚོར་ཉི་ཧོང་གི་ཁ་ལག་sushiརིགས་འདྲ་མིན་དང་དེ་བཞིན་ཀོ་རི་ཡའི་ཁ་ལག་Kimpabསོགས་ཀྱི་འཛིན་གྲྭ་ཞིག་ཀྱང་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།

རིན་མེད་གྱོན་གོས་བགོ་འགྲེམ།

Clothing Distribution Copy 6

ལྷའི་དང་བླངས་ཞབས་ཞུ་བ་དང་ཡུལ་སྐོར་བ་རྣམས་ཀྱིས་ཞལ་འདེབས་གནང་བའི་གྱོན་གོས་གསར་པ་དང་རྙིང་པ་གསོག་ཉར་གྱིས། དེ་དག་དགོས་མཁོ་ཅན་དང་མཐུན་རྐྱེན་ཞན་པའི་གྲོང་གསེབ་ཏུ་མི་སྒེར་དང་སློབ་གྲྭ་ཁག་ལ་བགོ་འགྲེམ་བྱེད་སྲོལ་ཡོད་པ་ལྟར། འདི་ལོ་སྟེ་ ༢༠༡༨ ཟླ་ ༧ ཚེས་ ༢༡ ཉིན་རྡ་སའི་ཉེ་ཁོར་གྱི་བོད་རིགས་དང་རྒྱ་གར་བ་ཧ་ལམ་ ༢༥༠ ཙམ་ལ་གྱོན་གོས་བགོ་འགྲེམ་བྱས་ཡོད་པས་མི་རེ་ལ་སོ་སོའི་འདོད་མོས་ལྟར་གྱོས་ཆས་མི་འདྲ་བ་བདུན་རེ་ཕུལ་ཞིང་། བྱེད་སྒོ་དེའི་སྐབས་ཁྱོན་གྱོན་ཆས་ ༥༠༠༠ ལྷག་བགོ་འགྲེམ་བྱས་ཡོད། ༢༠༡༨ ཟླ་ ༡༠ ཚེས་ ༣༡ ཉིན་རྡ་སར་རྟེན་གཞི་བྱེད་པའི་ Rotary Club རྒྱུད་ནས་ཉེ་ཁོར་དུ་རྒྱ་གར་བ་ཡུལ་མི་དགོས་མཁོ་ཅན་རྣམས་ལ་གྱོན་གོས་བརྒྱ་ཕྲག་བརྒལ་བ་བགོ་འགྲེམ་ཐུབ་པ་བྱུང་ཡོད།དེའི་ནང་ཕྲུ་གུའི་རྩེ་ཆས་དང་། གཟན་གཡོལ། ཉལ་ཆས། ལྷམ། ཕོ་མོའི་དབྱར་དགུན་གྱི་གྱོན་གོས་སོགས་ཡོད་ཅིང་། དེ་དག་ནི་གཏོང་ཕོད་ཅན་གྱི་མི་སྒེར་བ་དང་། ཚོགས་པ་སོགས་ཀྱིས་ཞལ་འདེབས་གནང་བ་ཤ་སྟག་ཡིན་པ་རེད།

མིག་བརྟག་དཔྱད་དང་སོ་གཙང་བཟོའི་ལས་གཞི།

Clear Vision and Smile Dental Projects 7

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་སྣ་མང་སྤེལ་མུས་ལྟར། འདི་ལོ་ཡང་རྡ་ས་ཁུལ་དུ་གནས་བཞུགས་རིས་མེད་གྲྭ་བཙུན་༢༤༢ཙམ་ལ་མིག་དང་སོ་རིན་མེད་བརྟག་དཔྱད་ཀྱིས། དགོས་མཁོ་ཅན་རྣམས་ལ་མིག་ཤེལ་དང་། དེ་བཞིན་སོ་ཁྲུས་དང་སོ་སྨན་སོགས་རིན་མེད་ཐོག་མཐུན་རྐྱེན་སྦྱར་ཐུབ་པ་བྱུང་ཡོད་པ་མ་ཟད། དེ་མིན་ཁྱད་མཁས་སོའི་སྨན་པ་དང་མིག་གི་སྨན་པ་གདན་ཞུས་ཀྱིས་བཀའ་སློབ་ལམ་སྟོན་ཡང་དུས་ལྟར་གནང་དང་གནང་མུས་ཡིན།
༢༠༡༨ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་ཁུངས་སུ་ཡོད་པའི་མཡེ་སོར་རྫོང་ནང་གི་སོའི་སྨན་ཁང་གི་མཐོ་རིམ་སློབ་གྲྭ་J.S.S. Dental college and hospital ནང་སློབ་ཐོན་ཟིན་པའི་རང་གཞུང་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་སྒྲོན་ལགས་གདན་ཞུས་ཀྱིས་ལྷ་སྤྱི་ཐབ་ཁང་དུ་ཞལ་ལག་མཆོད་མཁན་སྐྱ་སེར་དབྱེར་མེད་ཀྱི་མི་གྲངས་༢༢དང་།ལྷའི་སྐད་ཡིག་འཛིན་གྲྭའི་སློབ་ཕྲུག་གྲངས་༣༤བཅས་ཚོགས་ཁག་སོ་སོའི་ནང་། རྒྱུན་གཏན་ནས་རང་ཉིད་ཀྱི་སོ་བདག་གཅེས་གནང་སྟངས་ཇི་ལྟར་གལ་ཆེ་ཚུལ་དང་། སོ་ཁྲུས་དང་སོ་སྨན་བེད་སྤྱོད་བྱེད་སྟངས་གཙོས་སོའི་སྐོར་གྱི་ཤེས་བྱ་སྣ་མང་གི་ཐད་ལ་ལམ་སྟོན་དང་དྲི་བ་དྲིས་ལན་གནང་བ་དང་སྐབས་དེར་ང་ཚོའི་ཚོགས་པའི་ངོས་ནས་ཚོགས་ཞུགས་པ་ཚོར་སོ་ཁྲུས་དང་སོ་སྨན་རིན་མེད་ཀྱིས་འགྲེམ་སྤེལ་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད།

༢༠༡༨ ལོའི་གཉེན་ནད་རེག་དུག་ཉིན་མོ་སྦིར་བོད་མིའི་གཞི་སྒར་དུ་སྲུང་རྩི་ཞུས་ཡོད།

World AIDS Day 2018 14

༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ཨ་རི་བོད་ཀྱི་ཐེབས་རྩས་རོགས་དངུལ་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་བདེ་ལེགས་སྨན་ཁང་དང་སྦིར་ས་གནས་འཕྲོད་བསྟེན་སྨན་ཁང་བཅས་མཉམ་འབྲེལ་གྱིས་འཛམ་གླིང་གཉེན་ནད་རེག་དུག་ཉིན་མོ་སྲུང་རྩི་ཞུས་ཡོད་ཅིང་། ལྷའི་འགན་འཛིན་གཙོས་པའི་ལས་བྱེད་འགའ་དང་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་དབང་དང་ཨ་རི་ནས་ཡིན་པའི་སྨན་ཞབས་པ་ Catherine McDonough བཅས་སྦིར་གཞི་ཆགས་ལ་ཆེད་བཅར་དང་སྦིར་ས་གནས་འགོ་འཛིན་དང་སྦིར་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བསྟན་འཛིན་ནོར་བཟང་བཅས་མཉམ་ཞུགས་ཀྱི་ཐོག་གཉེན་ནད་རེག་དུག་གི་སྐོར་ལམ་སྟོན་དང་འབྲེལ་བའི་ཡིག་ཆ་ཁག་དང་སྲུང་ཤུབས་སོགས་འགྲེམ་སྤེལ་དང་རིན་མེད་ཁྲག་བརྟག་དཔྱད་སོགས་ཀྱི་བྱ་འགུལ་སྣ་མང་གི་སྒོ་ནས་སྲུང་རྩི་བྱས་ཡོད།

འབྲེལ་གཏུག་དུས་དེབ།

contact 8

འབྲེལ་གཏུག་དུས་དེབ་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མི་ཚོའི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་ཤེས་རྟོགས་གསལ་པོ་ཡོང་ཆེད་དང་། སྨྲ་བརྗོད་རང་དབང་བྲལ་བའི་བོད་མི་ཚོའི་མགྲིན་ཚབ་པ་ལྟ་བུར་འགྱུར་ཐུབ་པར་འབད་བརྩོན་བྱེད་ཀྱིན་ཡོད།
འདི་ལོར་ང་ཚོས་འབྲེལ་གཏུག་དུས་དེབ་གྲངས་༡༠༥༠༠པར་སྐྲུན་དང་རིན་མེད་འགྲེམ་སྤེལ་བྱས་ཡོད་ཅིང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཚོགས་སྡེ་ཁག བོད་པའི་སློབ་གྲྭ་ཁག། གཞིས་ཆགས་ཁག མི་སྒེར་སོགས་ལ་སྦྲག་ཐོག་ནས་གཏོང་བ་དང་། ས་གནས་ས་ཐོག་རང་ལ་ཤུགས་ཆེན་འགྲེམ་སྤེལ་བྱས་ཡོད་ཅིང་། དུས་དེབ་ནི་མཁོ་མངགས་གནང་མཁན་སྒེར་བ་དང་། རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག། རྒྱ་གར་ནང་གི་གཞུང་ཚབ་ཁག་སོགས་ཐག་རིང་སར་སྦྲག་ཐོག་དང་། ཉེ་སར་སྐྱེལ་མཁན་མངག་གཏོང་གིས་རིན་མེད་འགྲེམ་སྤེལ་བྱེད་བཞིན་ཡོད། དུས་དེབ་འདི་བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་མཐུད་སྟེ་འགྲེམ་སྤེལ་ཆེས་ཆེར་འགྲོ་བཞིན་པའི་ཨིན་ཡིག་གི་དུས་དེབ་གཅིག་པུ་དེ་ཡིན་ཞིང་། དེའི་ནང་བོད་མིའི་གནས་སྟངས་དང་དྷ་རམ་ས་ལའི་གནས་ཚུལ་ངོ་སྤྲོད་དང་དྲིལ་བསྒྲགས། དེ་བཞིན་༧གོང་ས་མཆོག་གི་མཛད་འཕྲིན་འགོད་སྤེལ་བྱེད་ཀྱིན་ཡོད། འདི་ལོར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དང་བླངས་བ་༤༦ལྷག་དང་། ལྷའི་ལས་བྱེད་སོགས་ཀྱིས་བོད་དོན་དང་འབྲེལ་བའི་དམིགས་བསལ་གསར་འགྱུར་དང་རྩོམ་ཡིག་༡༥༧འགོད་སྤེལ་བྱས་ཡོད་པ་དང་། ༢༠༡༦ལོ་ནས་འགོ་བཟུང་སྟེ་པར་ཐེངས་རེེར་མི་སྣ་རེའི་ལོ་རྒྱུས་འགོད་རྒྱུའི་འགོ་འཛུགས་བྱས་ཡོད། ཟླ་རེར་མི་༤༠༠༠ཙམ་གྱིས་བལྟ་བཞིན་པའི་དྲ་གནས་www.contactmagazine.net འདི་ལ་དུས་ཐོག་ཏུ་འགོད་སྤེལ་བྱེད་བཞིན་ཡོད་ལ། དེ་བཞིན་འབྲེལ་གཏུག་དུས་དེབ་ PDF བཟོས་ཏེ་ཟླ་རེ་བཞིན་མི་མང་གིས་མཐོང་སར་ http://issuu.com/; ཞེས་པར་འཇོག་གི་ཡོད་ཅིང་། དེར་བལྟ་མཁན་ཟླ་རེ་ལ་མི་གྲངས་༦,༡༩༤ཙམ་ཡོང་བཞིན་ཡོད།

འཐུང་ཆུ་གཙང་བཟོའི་ལས་འཆར།

27 water filter 9

༢༠༡༨ ལོར་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་གཉིས་གསར་འཛུགས་ཞུས་ཡོད།
༢༠༡༨ ཟླ་ ༢ ཚེས་ ༥ ཉིན་ཆུ་ཚགས་འཕྲུལ་ཆས་འཛུགས་ཐེངས་ ༢༦པ་དེ་ The Australia Tibet Council Group ཡིས་རོགས་སྐྱོར་འོག་ནོར་བུ་གླིང་ཁ་ས་གནས་སུ་ཡོད་པའི་སྤི་ཏི་སློབ་ཕྲུག་སྡོད་ཁང་དུ་བཙུགས་ཡོད་ཅིང་།ཧི་མ་ལ་ཡའི་རིགས་རྒྱུད་ནས་ཕེབས་པའི་སློབ་ཕྲུག་༢༥༠ཙམ་ཡོད་པ་རྣམས་ལ་འཐུང་ཆུ་གཙང་མར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་དང་། ༢༠༡༨ ཟླ་ ༣ ཙེས་ ༡༢ ཉིན་ཆུ་ཚགས་འཕྲུལ་ཆས་ཐེངས་༢༧པ་དེ་སྐུ་ཞབས་Mr John Jack Ulrichsenལགས་ཀྱི་མཐུན་འགྱུར་འོག་མ་སུ་རི་བོད་ཁྱིམ་དུ་བཙུགས་ཡོད་པས་དགེ་སློབ་བསྡོམས་པའི་ཁྱོན་མི་གྲངས་༡༡༥༠ཙམ་ལ་འཐུང་ཆུ་གཙང་མ་མཁོ་སྤྲོད་ཐུབ་པ་བྱུང་ཡོད་ཅིང་།ཚོགས་པས་འཐུང་ཆུ་གཙང་བཟོའི་ལས་གཞི་དེ་ཉིད་ཕྱི་ལོ་ ༢༠༡༠ ལོར་འགོ་བཙུག་པ་ནས་ད་ལྟའི་བར་ཚོགས་སྡེ་མི་འདྲ་བ་༢༧ནང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱིས་ཁྱོན་མི་གྲངས་༡༧༦༠༠ བརྒལ་བར་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་རྒྱུའི་ཕན་ཐོགས་བྱུང་ཡོད། ལས་འཆར་འདིའི་དམིགས་ཡུལ་ནི་མི་རྣམས་ཀྱིས་རིན་མེད་ཆུ་གཙང་མ་ལོངས་སུ་སྤྱོད་ཐུབ་པ་བཟོ་རྒྱུ་དང་། མ་འོངས་པར་མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་དང་བདེ་ཐང་ཡོང་བར་ཕན་ཐོགས་ཡོང་ཆེད་དུ་ཡིན་ཞིང་།
ལོ་འདིར་འཕྲུལ་ཆས་གསར་འཛུགས་གང་བྱས་པ་དག་དང་དེ་སྔོན་ང་ཚོས་བཙུགས་ཟིན་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་ལ་བདག་གཅེས་སླད། འབྲེལ་ཡོད་མི་སྣ་ཆེད་གཏོང་གིས་ཆུ་ཚགས་འཕྲུལ་ཆས་ཡོད་ཚད་བཟོ་བཅོས་དང་། བརྗེ་པོ་རྒྱག་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པ་རེད། འཕྲུལ་ཆས་དེ་དག་ལོ་ལྟར་དབྱར་ཁ་ཆར་དུས་སུ་ཆུ་ཚགས་གསར་པ་བརྗེ་བཞིན་པར་སོང་འདི་ལོ་ཡང་སྔར་མུས་བཞིན་རྒྱུན་སྐྱོང་ཞུས་ཡོད། འཐུང་ཆུ་གཙང་བཟོ་ལས་འགུལ་འདི་ཉིད་ལ་བརྟེན་ནས་སྤྱི་ཚོགས་དང་གང་ཟག་སྒེར་གྱི་འཕྲོད་བསྟེན་གཉིས་ཀ་ལ་ཧ་ཅང་གི་གྲུབ་འབྲས་ལྡན་པ་ཕན་ཐོགས་བྱུང་ཡོད།

ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ།

soup kitchen 10

ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་རོགས་རམ་དགོས་ངེས་ཅན་ཁྱོན་མི་གྲངས་༥༠ནས་༦༠བར་ལ་བདུན་རེའི་གཟའ་སྤེན་པ་དང་ཉི་མ་ཕུད། ཉིན་ལྟར་གུང་ཚིགས་འབུལ་བཞིན་པ་ལྟར་འདི་ལོར་ཉིན་གུང་ཞལ་ལག་མཆོད་མཁན་གསར་པ་༧༠ཡིས་ཐོ་འགོད་བྱས་པ་ལྟར་ང་ཚོས་ཉིན་ལྟར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱར་ཡོད། ཕྱི་ལོ་ ༢༠༡༡ ལོར་སྤྱི་ཐབ་སྒོ་ཕྱེས་པ་ནས་བཟུང་ད་ལྟའི་བར་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༥༢༣ ལ་ཕན་ཐོགས་བྱུང་ཡོད་པ་དང་། འཚོ་བཅུད་སོགས་ཀྱི་སྤུས་ཚད་ཀྱི་ཐད་ནས་ཀྱང་བློ་ཁ་ཁེངས་པ་མ་ཟད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད།

བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲྭ་ཚིགས་ཀྱི་ལས་འཆར།

 

professor Samdhong Rinpoche Website

བོད་ཀྱི་སྐད་ཡིག་དང་ལེགས་བྱང་གཅེས་སྲུང་དང་དར་སྤེལ་གྱི་ལས་འཆར་འོག ཡིག་ངག་གཉིས་ཐོག་ཏུ་ཡོད་པའི་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གསུང་བཤད་དང་། གསུང་རྩོམ། སྒྲ་ལྡན་གསུང་བཤད། སྐུ་པར། བརྙན་པར་སོགས་བསྡུ་རུབ་ཀྱིས་གང་ཉིད་ཀྱི་དྲྭ་ཚིགས་ཐོག་འགོད་སྤེལ་བྱེད་མུས་ཡིན་སྟབས། ཆ་སྙོམས་ཟླ་རེར་ལྟ་ཀློག་བྱེད་མཁན་མི་གྲངས་༦༥༠༠ལྷག་ཙམ་ཆགས་ཀྱི་འདུག དེ་རིང་བར་རིན་པོ་ཆེའི་དྲྭ་གནས་ཐོག་བོད་ཨིན་གཉིས་ནང་ཡིག་ཐོག་གསུང་བཤད་སོགས་གྲངས་༧༢༥ལྷག་དང། སྒྲ་ལྡན་གསུང་བཤད་༡༠༡༩འགོད་སྤེལ་བྱས་ཟིན་པ་དང་། གསུང་བཤད་དང་བཀའ་སློབ་༢༠༨ལྷག་ཡུ་ཊུབ་(Youtube) བརྙན་པར་ནང་འགོད་སྤེལ་བྱས་ཡོད་ལ། སྐུ་པར་༡,༡༧༨༥རིན་པོ་ཆེའི་དྲ་ཐོག་དཔར་མཛོད་དུ་འགོད་སྤེལ་བྱས་ཡོད་པ་རེད། ལྷག་པར་ཡུ་ཊུབ་(Youtube) ནང་ཡོད་པའི་བརྙན་ལྡན་གསུང་བཤད་དང་བཀའ་སློབ་ལྟ་མཁན་དེ་རིང་བར་ཧ་ལམ་ ༤༥༠༤༤༥ ཟིན་གྱི་ཡོད་ཅིང་། སྒྲ་འཇོག་སའི་ Sound cloud ནང་བཅུག་ཡོད་པའི་རིན་པོ་ཆེའི་སྒྲ་ལྡན་གསུང་བཤད་ལ་ཉན་མཁན་གྲངས༡༥༡༣༦༨བྱུང་ཡོད་པ་རེད། དེ་བཞིན་ཉིན་ལྟར་རིན་པོ་ཆེ་མཆོག་གི་ངོ་དེབ་ཐོག་ལེགས་བཤད་དང་སྐུ་པར། མཛད་འཕྲིན་སོགས་ཁྱབ་སྤེལ་ཞུ་བཞིན་ཡོད་པ་རེད།

 

དང་བླངས་པའི་གོ་སྐབས།

Volunteering Opportunities 11

༢༠༡༨ ལོར་དྲྭ་ཐོག་ནས་ཐོ་འགོད་བྱས་པ་དང་། འདིར་སླེབས་ནས་ཐོ་འགོད་བྱས་ནས་ཕེབས་པ་སོོགས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བའི་ཞབས་ཞུ་སྒྲུབ་མཁན་གཞན་ཕན་ལྷག་བསམ་ཅན་བསྡོམས་པའི་༣༩༨དང་ལྷན་དུ་ང་ཚོས་ཞབས་ཞུའི་ལས་དོན་འདྲ་མིན་བསྒྲུབས་ཡོད། དེས་ན་ང་ཚོ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དང་བླངས་བར་སྣེ་ལེན་དང་གོ་སྐབས་གོ་སྒྲིག་བྱེད་ཐུབ་མཁན་གྱི་ཚོགས་སྡེ་ཆེ་ཤོས་དེ་ཡིན་པ་རེད།
ང་ཚོས་འཛམ་གླིང་གི་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བ། སྦྱོང་བརྡར་ཡོད་མེད་ལ་མ་བལྟས་པར་དང་བླངས་བྱེད་རྒྱུའི་གོ་སྐབས་གང་ཐུབ་སྐྲུན་གྱིན་ཡོད་ཅིང་། དང་བླངས་བ་མང་ཆེ་བ་ང་ཚོ་དང་ལྷན་དུ་ཐད་ཀར་ཞབས་ཞུ་སྒྲུབ་ཀྱིན་ཡོད་ལ། འགའ་ཤས་བོད་པའི་སྤྱི་ཚོགས་ཀྱི་ཚོགས་སྡེ་གཞན་ལ་འབྲེལ་མཐུད་ཀྱིས་ཞབས་ཞུའི་ལས་དོན་བྱེད་པར་གཏོང་གིན་ཡོད།
དེར་མ་ཟད་ད་དུང་ང་ཚོས་ལོ་ལྟར་དང་བླངས་བའི་འཇོན་ནུས་ལ་གཞིགས་པའི་ཞབས་ཞུ་མི་འདྲ་བའི་གོ་སྐབས་འབུལ་གྱི་ཡོད། ང་ཚོས་སྤྱི་ཚོགས་ཞབས་ཞུ་ཁག་མུ་མཐུད་ལེགས་གྲུབ་དང་ལམ་ལྷོང་ཡོད་ཆེད་དང་བླངས་བ་ནི་མེད་དུ་མི་རུང་བ་ཆགས་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ།

Environmental Protection and Awareness Programs 12

ལྷའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་འོག་༢༠༡༧ནས་བཟུང་ཟླ་རེ་རེས་གཟའ་སྤེན་པ་གསུམ་པ་རྟག་པར་དྷ་སར་ཁོར་ཡུག་གཙང་བཟོའི་བྱ་འགུལ་སྤེལ་བཞིན་པ་ལྟར།༢༠༡༨ལོའི་ནང་ཚོགས་པ་འདྲ་མིན་མཉམ་ཞུགས་ཀྱིས་གནང་མུས་ཙམ་དུ་མ་ཟད།འདི་ལོ་འཛམ་གླིང་ཁོར་ཡུག་ཉིན་མོར་༼འགྱིག་ཤོག་རིགས་ཀྱི་ཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་ཨིན་བོད་གཉིས་ཐོག་འགྲན་སྡུར་འོག་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་།ཁྱོན་མི་གྲངས་༣༠ཙམ་མཉམ་ཞུགས་ཐུབ་པ་བྱུང་ཡོད།དེ་ཚོའི་ནང་ནས་བོད་ཡིག་རྩེ་ཕུད་གསུམ་དང་ཨིན་ཇི་རྩེ་ཕུད་གསུམ་བཅས་ཁྱོན་མི་གྲངས་དྲུག་ཡོད་པསཨང་དང་པོར་གསོལ་རས་བྱ་དགའ་དངུལ་དམར་ཧིན་སྒོར་༧༠༠༠དང་།ཨང་གཉིས་པར་༥༠༠༠ཨང་གསུམ་པར་སྒོར་༣༠༠༠བཅས་ཕུལ་ཐུབ་བྱུང་ཡོད།དེ་བཞིན་མེག་ལོག་ཁོར་ཡུག་ཚན་པ་(environment-conscious) དང་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁག་དང་མཉམ་དུ་དྷ་ས་མེ་གྷན་ནས་གད་སྙིགས་ཧ་ཅང་ཕོན་ཆེན་བསྡུ་རུབ་ཀྱིས་གཙང་བཟོ་བྱས་པ་རེད་ལ། ཚོགས་པས་ས་གནས་ཀྱི་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་གྲོང་སྡེ་འདི་གཙང་མ་དང་། སྔོ་ལྗང་ཅན་དུ་ཉར་རྒྱུ་ཆེད་འདས་པའི་ལོ་ཤས་ནས་བཟུངས་ལས་དོན་སྒྲུབ་མུས་ཡིན།

Awareness and Preservation of the Environment 01

དེར་མ་ཟད་ལྷའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་ཐོག་ནས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲྭ་བ་ (www.tibetnature.net) སྟེ་སྐད་ཡིག་གཉིས་ལྡན་གྱི་དྲྭ་རྒྱ་དང་། ༢༠༡༨ལོའི་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲྭ་བ་དེ་ཉིད་སྤྱིར་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གནས་བབས་དང་སྒོས་སུ་བོད་ནང་གི་ཁོར་ཡུག་གནས་སྟངས་ཤེས་ཚོར་ཐུབ་པའི་ཆེད་དུ་དམིགས་པ་ཞིག་ཡིན་པས། ༢༠༡༨ལོའི་ནང་སྤྱིར་འཛམ་བུ་གླིང་བྱིངས་ཀྱི་ཁོར་ཡུག་དང་དམིགས་བསལ་བོད་ཀྱི་ཁོར་ཡུག་གི་སྐོར་ནས་གནད་དོན་གལ་ཆེ་བའི་ཤེས་བྱ་ཁག་དང་གསར་འགྱུར་ཁག་དེ་བཞིན་ཁོར་ཡུག་གཙང་བཟོ་ལས་འགུལ་སོགས་བྱས་པའི་གནས་ཚུལ་རྣམས་དྲྭ་ཐོག་ཏུ་འགྲེམ་སྤེལ་བྱས་པ་བོད་ཡིག་ནང་གྲངས་༤༥དང་ཨིན་ཇི་ནང་༤༣བཅས་ཁྱོན་བསྡོམས་༨༨ཙམ་གོ་ལ་ཁྱོན་ཡོངས་ལ་སྤེལ་ཐུབ་པ་བྱུང་ཡོད།ང་ཚོའི་ངོས་ནས་འབད་པ་གང་ཐུབ་ཀྱིས་དམིགས་ཡུལ་གཙོ་བཟུང་ཐོག་ཕྱོགས་ག་ས་ནས་གནས་ཚུལ་ཁུངས་ལྡན་ར་སྤྲོད་ཡོད་པ་དག་དུས་ཐོག་དྲྭ་རྒྱའི་ཐོག་སྤེལ་བ་དང་། དེ་བཞིན་ང་ཚོའི་ངོས་ནས་ཀྱང་བོད་ཀྱི་ཁོག་ཡུག་གི་གནད་དོན་གལ་ཆེ་ཁག་ལ་ཉམས་ཞིབ་དང་ཞིབ་འཇུག་ཐོག་ཨིན་བོད་གཉིས་ཀྱི་རྩོམ་ཡིག་དང་ཞིབ་འཇུག་སྙན་ཐོའང་མི་ཉུང་བ་ཞིག་འདོན་གྱི་ཡོད།བོད་ཀྱི་ཁོར་ཡུག་དྲྭ་བ་འདི་ལྟ་བུ་ལ་ཚོན་ན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོ་ནས་ལོ་རེ་ནས་ལོ་རེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་ཐུབ་ཀྱི་ཡོད། ངོ་དེབ་བརྒྱུད་ནས་ཀྱང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གནས་ཚུལ་དང་ཤེས་བྱ་བཅས་མི་མང་ལ་རྒྱུད་སྤེལ་བྱེད་ཀྱི་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲྭ་བར་ཟླ་རེེར་ལྟ་ཀློག་གནང་མཁན་༦༥༠༠༠ལས་བརྒལ་བ་ཡོང་གི་ཡོད།

རིག་གཞུང་བརྗེ་རེས་ཀྱི་ལས་གཞི།

Cultural Exchange Programs 15

ལས་འཆར་འདིའི་འོག་ང་ཚོས་མཐོ་སློབ་དང་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོ་ཁག་མི་འདྲ་བ་༡༣ལ་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གོ་སྒྲིག་བྱས་ཤིང་། རྒྱབ་ཁབ་འགའ་ཤས་ནས་ཆེད་དུ་ཕེབས་པའི་ཆ་ཤས་ལེན་མཁན་སློབ་ཕྲུག་དང་ཁྱད་ལས་པ་བསྡོམས་པའི་༡༤༢བྱུང་ཡོད་པ་དང་། སྨན་གྱི་ཁྱད་ལས་པ་རྣམས་ཀྱིས་མིག་དང་སོ་ལ་བརྟག་དཔྱད་དང་འབྲེལ་བའི་ང་ཚོའི་འཕྲོད་བསྟེན་གྱི་ལས་གཞི་ལ་དང་བླངས་ཀྱིས་ཞབས་ཞུ་གནང་ཞིང་། ཕྱི་རྒྱལ་གྱི་སློབ་མ་མང་ཆེ་བས་ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་ཀྱི་ཨིན་ཡིག་དང་། ཧྤ་རན་སིའི་སྐད། རྒྱ་སྐད་སོགས་ཡར་རྒྱས་ཡོང་བར་རོགས་རམ་གནང། དེ་དང་མཉམ་དུ་རིག་གཞུང་བརྗེ་རེས་སོགས་བྱས། དེར་མ་ཟད་ཁོང་ཚོས་དང་བླངས་ཞབས་ཞུ་གནང་བའི་ཞོར་ང་ཚོའི་ཚོགས་པའི་ངོས་ནས་སྤྱིར་བོད་ཀྱི་གནས་སྟངས་དང་ཡང་སྒོས་སུ་མི་ལོ་སྟོང་ཕྲག་རིང་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་གཅེས་འཛིན་དང་སྲུང་སྐྱོབ་གནང་བའི་རྩ་ཆེན་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ལས་རིམ་དང་། གཞན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར།
དེ་བཞིན་མཁས་དབང་སོགས་གདན་དྲངས་ནས་ཁོང་ཚོར་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གོ་སྒྲིག་དང་། ཁོང་ཚོ་དང་ལྷན་དུ་ང་ཚོའི་ཡུལ་སྲོལ་གོམས་གཤིས་དང་། རིག་གཞུང་། ཆོས་ལུགས་སོགས་ཀྱི་སྐོར་བརྗེ་རེས་དང་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་གང་ལེགས་བྱུང་དང་འབྱུང་བཞིན་ཡོད།

ཚོགས་པའི་དངུལ་རྩིས།

Income tax 2018 18

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ནས་ ༢༠༡༨ ཟླ་ ༣ ཚེས་ ༣༡ བར་ལོ་གཅིག་གི་ལྷའི་ལོ་འཁོར་དངུལ་རྩིས་རྒྱ་གར་གཞུང་གི་དཔྱ་ཁྲལ་གྱི་ཁྲིམས་ཡིག་ Tax Act ༡༩༦༡, Govt ཡི་དོན་ཚན་ ༡༢A (b) ཡི་རྩིས་ཞིབ་སྙན་ཐོ་ལྟར་ན། འདི་ལོར་སྤྱི་ཡོངས་ཀྱི་ཡོང་འབབ་ཧིན་སྒོར་༥༩༢༥༡༣༩༼ཨ་སྒོར་༩༡༡༥༥།༩༨༽དང་། ཁྱོན་འགྲོ་སོང་ཧིན་སྒོར་ ༦༧༢༨༣༩༣) ༼ཨ་སྒོར་༡༠༣༥༡༣།༧༣༽ཆགས་ཡོད་པ་དང་།དེའི་ནང་འཛིན་སྐྱོང་ཆེད་འགྲོ་སོང་ཧིན་སྒོར་༢༨༣༣༢༥༥༼ཨ་སྒོར༤༣༥༨༨།༥༣༽དང་། ལས་འཆར་ཁག་ལ་ཧིན་སྒོར་༣༧༢༠༨༥༢༼ཨ་སྒོར་ ༥༧༢༤༣།༨༧༽བཅས་ཚུད་ཡོད།
ཞལ་འདེབས།
ཚོགས་པའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་དང་། སློབ་ཕྲུག་དང་དང་བླངས་བ་ཚོར་ལྷ་ཞི་བའི་ཚལ་དུ་སྡོད་གནས་གོ་སྒྲིག་སོགས་ཀྱི་ཡོང་སྒོ་ལ་བརྟེན་ནས་ཚོགས་པའི་ཉིན་རེའི་ལས་འཆར་ཁག་རང་ཁ་རང་གསོ་ལྟ་བུ་ཆགས་ཡོད་ཅིང་། དཔེར་ན་སྐད་ཡིག་འཛིན་གྲྭ་ཁག་དང་། གློག་ཀླད་འཛིན་གྲྭ། གཞན་ཡང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མང་པོ་ཞིག་རོགས་དངུལ་མེད་པའི་ཐོག་ནས་ལག་བསྟར་ཐུབ་ཀྱིན་ཡོད་ཀྱང་། གལ་ཆེའི་ལས་འཆར་གཞན་ཁག་ཅིག་ཡར་རྒྱས་དང་ལག་བསྟར་བྱེད་པར་གཏོང་ཕོད་ཆེ་བའི་རོགས་ཚོགས་དང་མི་སྒེར་སོགས་ཀྱིས་རྒྱབ་སྐྱོར་མེད་ཐབས་མེད་པ་ཆགས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་དམིགས་བསལ་གྱི་སྤྱི་ཚོགས་ཞབས་ཞུ་དང་། དགོས་ངེས་ཀྱི་ལས་གཞི། དཔེར་ན། ལྷའི་སྤྱི་ཐབ་དང་། འབྲེལ་གཏུག་དུས་དེབ། འཐུང་ཆུ་གཙང་བཟོ། མིག་དང་སོའི་སྨན་བཅོས་ལྟ་རྟོགས། གཉེན་ནད་རེག་དུག་ (HIV) དང་། (AIDS) ལྟ་བུ་དང་། ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་སོགས་ཚུད་ཡོད་པ་རེད།
དེར་མ་ཟད་ང་ཚོས་ད་དུང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ལས་འཆར་དང་བྱེད་སྒོ་གསར་པ་འགོ་འཛུགས་བྱས་པའི་སྐབས་རོགས་དངུལ་སོགས་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་པ་ལགས།

ཐུགས་རྗེ་ཆེ

thank you note 19

འདས་ཟིན་པའི་མི་ལོ་༢༡རིང་ང་ཚོའི་ཚོགས་པའི་ལས་གཞི་སྣ་ཚོགས་ཀྱི་འོག་གོ་སྐབས་འདྲ་མིན་ཐོབ་མཁན་དང་ཕན་ཐོགས་བྱུང་བའི་མི་མང་ཡོངས་ཀྱི་ཚབ་ཞུ་ནས། ལུའུ་ཛི་ཡ་ན་ཧི་མ་ལ་ཡའི་ཚོགས་པ་དང་། ཐུ་ལན་གཙུག་ལག་སློབ་གཉེར་ཁང་། ཏཱ་ལི་བླ་མའི་ཐེབས་རྩ། ཨ་རིའི་བོད་ཀྱི་ཐེབས་རྩ། ཐའེ་ཝན་མང་གཙོའི་ཐེབས་རྩ། སུད་སི་བོད་ཀྱི་གྲོགས་པོ་ཚོགས་པ། རི་སི་ཊི་ཁི་པ་ཐི་ཚོགས་པ། ལོ་ཡོ་ལཱ་གཙུག་ལག་སློབ་གཉེར་ཁང་། ཨ་རིའི་རོ་ཊར་སྤྱི་ཚོགས་ཞབས་ཟུ་ཚོགས་པ། Australia Tibet Councilབདེ་ལེགས་སྨན་ཁང་།གཞན་ཡང་མི་སྒེར་དང་ཚོགས་སྡེ་ཁག་བཅས་ང་ཚོའི་ཚོགས་པར་དུས་ནས་དུས་སུ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་གཏོང་ཕོད་དང་ལྷག་བསམ་ཅན་གྱི་རྒྱབ་སྐྱོར་བ་དང་། དང་བླངས་བ་རྣམས་ཀྱིས་ཆ་རྐྱེན་ཞན་པའི་སྤྱི་ཚོགས་ལ་རོགས་རམ་འདི་ལྟ་བུ་གནང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད་པ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་འདི་དག་ཐོན་ཡོང་དུས་ང་ཚོར་ཡང་སེམས་འགུལ་ཆེན་པོ་ཐེབས་བཅུག་སོང་ལ། མ་འོངས་པར་མུ་མཐུད་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་རྒྱུར་བློ་སྤོབས་འཕར་མ་སྟེར་བྱུང་། ཁྱེད་ཚོའི་རྒྱབ་སྐྱོར་དང་མཉམ་ལས་མེད་ན་ང་ཚོའི་ལས་འཆར་ཁག་ལམ་ལྷོང་དང་འདི་ལྟ་བུའི་གྲུབ་འབྲས་ལྡན་པ་ཞིག་ཡོང་མི་ཐུབ་པས་སླར་ཡང་ཐུགས་རྗེ་ཤིན་ཏུ་ནས་ཆེ་ཞེས་ཞུ་བཞིན་ཡོད་པ་ལགས།
༢༠༡༨ ལས་བསྡོམས་ཀྱི་གྲངས་ཐོ།
• ཟླ་རེ་བཞིན་འཛིན་གྲྭར་ཕེབས་མཁན་སློབ་མ་གྲངས་༡༡༣༥ལ་འཛིན་གྲྭ་གོ་སྒྲིག་བྱས་པ་དང་།
• སློབ་མ་༥༧༢ཐམ་པས་སྐད་ཡིག་འཛིན་གྲྭར་གསར་དུ་ཐོ་འགོད་བྱས་འདུག
• སློབ་མ་༩༩ཡིས་རྩིས་འཕྲུལ་རྨང་གཞི་དང་། མཚམས་སྦྱོར་འཛིན་གྲྭར་ཐོ་འགོད་བྱས་འདུག
• ཅ་ལག་རྙིང་པ་དང་གསར་པ་༨༠༠༠ཙམ་བོད་རིགས་དང་ས་གནས་རྒྱ་གར་མི་མང་ལ་ཞལ་འདེབས་ཕུལ་ཡོད།
• ཉིན་རེ་བཞིན་དགོས་མཁོ་ཅན་གྱི་མི་༨༥བརྒལ་བར་བཅུད་ལྡན་ཞལ་ལག་དང་། འཐུང་ཆུ་གཙང་མའི་མཐུན་རྐྱེན་སྦྱར་ཡོད།
• བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་༢༤༢ལ་རིིན་མེད་འཕྲོད་བསྟེན་དང་། མིག་བརྟག་དཔྱད་། སོ་བདག་སྐྱོང་དང་སོ་ཁྲུས་དང་སོ་སྨན་སོགས་མཐུན་རྐྱེན་སྦྱར་ཡོད།
• ཁོར་ཡུག་གི་ཤེས་བྱ་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་། གོ་རྟོག་ལས་འགུལ་གོ་སྒྲིག་བྱས་པ་མ་ཟད། རེས་གཟའ་སྤེན་པ་གསུམ་པ་ནམ་ཡིན་ལ་ཁོར་ཡུག་གཙང་བཟོ་སོགས་བྱས་པ་དེ་དག་གིས་མི་མང་༣༠༠༠ཙམ་ལ་སྙོབ་ཐུབ་ཀྱི་ཡོད།
• རྒྱ་གར་ནང་ཡོང་དོན་ཤེས་ཡོན་གྱི་ཆེད་ཡིན་ཞེས་ཐོ་འགོས་བྱས་པ་རྣམས་ཀྱི་དེབ་ལྗང་ཁུའི་དུས་ཡུན་ཕར་འགྱངས་སླད་རྒྱ་གར་གཞུང་གིས་གཏན་འབེབས་ལྟར་སློབ་མ་ཡིན་ཞེས་པའི་རྒྱབ་གཉེར་ཡི་གེ་རེེ་དགོས་ཀྱི་ཡོད་པ་ལྟར་སློབ་མ་༦༣ལ་རྒྱབ་གཉེར་སྤྲད་ཡོད།
• རྩ་ཆེའི་དུས་ཚོད་དང་ནུས་ཤུགས་ཀྱིས་ཞལ་འདེབས་འབུལ་མཁན་གསར་ཕེབས་དང་བླངས་པ་༤༣༡ལྷན་དུ་ལས་ཀ་བྱས་ཡོད།
• རྒྱལ་སྤྱིའི་མཐོ་སློབ་དང་། གཙུག་ལག་སློབ་ཆེན་གྱི་ཆེད་ལས་པ་། སློབ་མ་སོགས་ཚུད་པའི་སྡེ་ཁག་༡༤ལས་རྒྱ་གར་རང་ནས་ཡིན་པ་སློབ་ཕྲུག་ཚོགས་པ་༢ཡོད།རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གོ་སྒྲིག་བྱས་པ་དེ་དག་ནང་འཛུག་ཞུགས་གནང་མཁན་༡༧༦ལྷག་བྱུང་སོང་།
• འབྲེལ་གཏུག་དུས་དེབ་༡༠༥༠༠དཔར་སྐྲུན་གྱིས་རིན་མེད་འགྲེམས་སྤེལ་ཞུས་ཡོད།
• ཟླ་གསུམ་རིང་གི་བོད་ཡིག་མཐོ་རིམ་འཛིན་གྲྭ་ལས་སློབ་མ༣༣ལ་ཁེ་ཕན་ཐོབ་ཡོད།
• དཔེ་དེབ་༡༠༠༠ཙམ་བོད་རིགས་སློབ་ཕྲུག་ཚོར་ཞལ་འདེབས་ཕུལ་ཡོད།
• འཛམ་གླིང་གཉན་ནད་རེག་དུག་ཉིན་མོར་སྲུང་ཤུབ་༡༢༠༠ཙམ་ས་གནས་སྦིར་མི་མང་ལ་རིན་མེད་ཕུལ་ཡོད།
• མ་སུ་རི་བོད་ཁྱིམ་དང་སྤི་ཏིའི་སློབ་ཕྲུག་སྡོད་ཁང་བཅས་སུ་ཆུ་ཚགས་འཕྲུལ་ཆས་ཐེངས་༢༥པ་དང་༢༦པ་གསར་འཛུགས་བྱས་ཐུབ་ཡོད།
• ༢༠༡༣ ནས་ ༢༠༡༨ བར་གྱི་གནས་ཚུལ་ཧ་ཅང་བསྡུས་པ།
• སློབ་མ༡༢༧༨༢ལ་ལྷའི་སྐད་ཡིག་འཛིན་གྲྭ་ཁག་ནས་ཁེ་ཕན་ཐོབ་ཡོད།
• སློབ་མ་༣༡༠༥ལ་རྩིས་འཕྲུལ་འཛིན་གྲྭ་དང་། IT ཟབ་སྦྱོང་ནས་ཁེ་ཕན་ཐོབ་ཡོད།
• རྒྱལ་སྤྱིའི་ཤེས་ཡོན་གྱི་སྡེ་ཚན་ཁག་ནས་ཧ་ལམ་སློབ་མ་༡༩༢༧ཙམ་གྱིས་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་ཆ་ཤས་བླངས་ཡོད།
• ས་ཕྱོགས་འདྲ་མིན་ནས་ཕེབས་པའི་དང་བླངས་བ་༨༢༥༠ནས་ལྷའི་ལས་དོན་ཁག་ལ་ཞལ་འདེབས་ཕུལ་འདུག
• དཔེ་དེབ་༣༤༣༤༠བོད་རིགས་དང་། ས་གནས་རྒྱ་གར་གྱི་སློབ་གྲྭ་དང་། དཔེ་ཁང་ཁག་ལ་ཞལ་འདེབས་ཕུལ་ཡོད།
• གྱོན་པ་སྣ་ཁ་༥༡༠༤༧ལས་བརྒལ་བ་སྡུ་རུབ་ཀྱིས་ཞལ་འདེབས་ཁང་ཁག་བརྒྱུད་ནས་ཞལ་འདེབས་ཕུལ་ཡོད།
• ལྷའི་འཐུང་ཆུ་གཙང་མའི་ལས་གཞིའི་འོག་ཆུ་ཚགས་འཕྲུལ་ཆས་༢༧ཙམ་གསར་འཛུགས་བྱས་ཟིན་པ་དེ་དག་ལས་མི་ ༡༤༩༥༠ཙམ་ལ་ཞལ་ལག་བཟོ་བྱེད་དང་། འཐུང་ཆུ་གཙང་མ་མཁོ་འདོན་བྱེད་བཞིན་པ་ཡིན།
• མིག་གཙང་བཟོའི་ལས་འཆར་བརྒྱུད་ནས་མི་གྲངས་༡༠༢༦ལ་རིན་མེད་མིག་བརྟག་དཔྱད་དང་། མི་༦༨༤ལས་བརྒལ་བར་རིན་མེད་མིག་ཤེལ་ཕུལ་ཟིན།
• སོ་གཙང་བཟོ་བདག་སྐྱོང་གི་ལས་འཆར་ལས་མི་གྲངས་༡༠༤༡ལ་སོ་བརྟག་དཔྱད་དང་། གཙང་བཟོ། སོ་སྨན་ལ་སོགས་ཀྱི་ཁེ་ཕན་ཐོབ་ཡོད།
• ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་འབྲེལ་གཏུག་དུས་དེབ་༡༠༡༠༣༠ཐམ་པ་རིན་མེད་འགྲེམས་སྤེལ་བྱས་ཡོད།
• མི་༡༦༩ལ་འཕུར་མཉེའི་སྦྱོང་བརྡར་སྤྲད་ཡོད།
• མི་༦༧ལ་དཔར་ལེན་སྦྱོང་བརྡར་སྤྲད་ཡོད།
• ལྷའི་སྤྱི་ཐབས་ཕྱི་ལོ་ ༢༠༡༡ ལོར་སྒོ་ཕྱེས་པ་ནས་བཟུང་། མི་གྲངས་༥༢༣ལ་ཁེ་ཕན་ཐོབ་པ་དང་། ཉིན་ལྟར་མི་གྲངས་༥༠ ནས་༦༠ལ་གསོལ་ཚིགས་འབུལ་བཞིན་ཡོད།
• རྒྱ་གར་ནང་ཡོང་དོན་ཤེས་ཡོན་གྱི་ཆེད་ཡིན་ཞེས་ཐོ་འགོས་བྱས་པ་རྣམས་ཀྱི་དེབ་ལྗང་ཁུའི་དུས་ཡུན་ཕར་འགྱངས་སླད་རྒྱ་གར་གཞུང་གིས་གཏན་འབེབས་ལྟར་སློབ་མ་ཡིན་ཞེས་པའི་རྒྱབ་གཉེར་ཡི་གེ་རེེ་དགོས་ཀྱི་ཡོད་པ་ལྟར་སློབ་མ་༨༥༤ལ་རྒྱབ་གཉེར་སྤྲད་འདུག
• ཕྱི་ལོ ༢༠༡༥ ནས་བཟུང་ཕ་མ་དང་། སློབ་ཕྲུག་གྲངས༨༣༥ལ་ལྷས་གོ་སྒྲིག་ཞུས་པའི་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་ལས་ཁེ་ཕན་ཐོབ་ཡོད།
• ཕྱི་ལོ་ ༢༠༡༥ ནས་བཟུང་སྟེ་བྱམས་པ་གླིང་རྒན་གསོ་ཁང་དུ་རྒན་གོག་༡༣༠ཙམ་ལ་ང་ཚོའི་ལས་གཞི་ལས་ཁེ་ཕན་ཐོབ་ཡོད་པ་བཅས་ལྷ་ཡིག་ཚང་ནས།

 

Leave your comment