རྡ་ས་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ལ་བཀའ་སློབ་གནང་བ།
འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འགན་འཁུར་འོག་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་མཉམ་འབྲེལ་གྱིས། ད་ལོ་སྟེ་ཕྱི་ལོ་༢༠༡༨ལོར་ང་ཚོའི་ཚོགས་པས་ལས་འཆར་གསར་བ་འགོ་འཛུགས་ཞུས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་སློབ་སྦྱོང་དང་། ཞིབ་འཇུག ། གོ་རྟོགས་སྤེལ་མུས་ཡིན་ཞིང་། ལས་འཆར་དེའི་ལག་བསྟར་ཆ་ཤས་སུ་འབྲེལ་ཡོད་མཁས་དབང་དང་ཁྱད་ལས་པ་སོགས་ཀྱི་གསུང་བཤད་སོགས་གོ་སྒྲིག་བྱ་རྒྱུ་ལས་འཆར་ཡོད་པ་ལྟར།
ཟླ་བ་༩ ཚེས་༡༩ ཉིན་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་གདན་འདྲེན་གྱིས་ (ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་བོད་པའི་གཞོན་སྐྱེས་ཚོའི་འགན་ཁུར། )ཞེས་པའི་བརྗོད་གཞིའི་ཐོག་རྡ་སའི་ཉེ་འཁོར་དུ་གནས་བཞུགས་རང་རེའི་ན་གཞོན་ཉི་ཤུ་ལས་བརྒལ་བར་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་ཐོག་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་པ་དང་རྒྱུ་མཚན་གང་འདྲ་ཞིག་ལ་དགོངས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་གདམས་ངག་འདི་ཉིད་གནང་བ་ཡིན་པའི་ཐད་ལ་དགེ་བཤེས་ལགས་ཀྱིས་འདི་ལྟར་གསུངས་སོང་། ༧སྐྱབས་མགོན་རིན་པོ་ཆེས་སྤྱིར་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་གདམས་ངག་ཟབ་མོ་མང་པོ་གནང་ཡོད་པའི་ནང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་དུས་སེམས་ཅན་ཐམས་ཅད་ལ་ཕན་པ་ཞིག་ཅེས་བཤད་ན་འགྲིག་གི་རེད་དེ། གཙོ་བོ་འཛམ་བུ་གླིང་གི་མི་ཚང་མར་ཕན་ཐོགས་ཡོ ད་པ་ཞིག་དང་ཆོས་ལུགས་སོགས་དད་མོས་སྣ་ཚོགས་པ་དང་ཆོས་དད་ཡོད་མེད་ཀྱི་ཁྱད་པར་སོགས་ལ་མ་ལྟོས་པར་ཐུན་མོང་གིས་ཁས་ལེན་ཐུབ་པའི་བཟང་སྤྱོད་ཅིག་དགོས་པ་དེ་ཡིན།
དེ་བཞིན་དུ་བཟང་སྤྱོད་ཀྱི་འབྱུང་ཁུངས་ཐད་ལ་གསུངས་པའི་སྐབས་སུ། ཁོང་གིས། སྟེང་ནས་མར་དང་འོག་ནས་ཡར་ཞེས་བཤད་ཚུལ་ཅིག་ཡོད་པ་ལ། ནུབ་ཕྱོགས་པས་བཤད་སྟངས་ལྟར་ན་བཟང་སྤྱོད་ནི་འོག་ནས་ཡར་ཡོང་གི་ཡོད་པ་ལས། སྟེང་ནས་མར་ཡོང་བ་ཞིག་མ་ཡིན། སྟེང་ནས་མར་ཡོང་ཟེར་དུས་ལྷ་དང་དཀོན་མཆོག་གིས་གསུངས་པ་རྒྱུ་མཚན་དུ་བྱས་ནས་བཟང་སྤྱོད་སྐྱོང་སྟངས་གཅིག་ཡོད་པ་དང་། འོག་ནས་ཡར་ཡོང་བ་ཟེར་དུས་ང་ཚོ་ཕལ་བའི་ཉམས་མྱོང་གཞིར་བཞག་ནས་བྱུང་བ་སྟེ། དཔེར་ན་མི་གཞན་ལ་འཆམ་པོ་བྱེད་ན་ཡག་གམ་འཆམ་པོ་མ་བྱས་ན་ཡག་འདུག་རང་རང་གི་མྱོང་བས་ཧ་གོ་བ་ལྟ་བུ་རེད། དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་དུས་ཐུན་མོང་གི་མྱོང་བ་དང་ཐུན་མོང་གི་གོ་རྟོགས། ཚན་རིག་གི་རྙེད་དོན་བཅས་གཞི་ལ་བཞག་ནས་བཀའ་གནང་བ་ཞིག་ཡིན་ཚུལ་གསུངས་སོང་།
ད་ལྟ་འཇིག་རྟེན་འདིར་ཕྱིའི་མཐུན་རྐྱེན་སོགས་ཀྱི་ཐད་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་ནའང་ཡ་རབ་བཟང་སྤྱོད་ཀྱིས་ཕུང་བའི་འབྲས་བུར། ཐ་ན་ཡར་ཐོན་ཅན་གྱི་སྤྱི་ཚོགས་དག་གི་ནང་དུའང་སེམས་དང་འབྲེལ་བའི་ན་ཚ་ཡོད་མཁན་མི་ཧ་ཅང་མང་པོ་ཡོད་པ་དང་། གཟའ་འཐོར་སོགས་ཀྱི་མཚོན་པའི་དཀའ་ངལ་མང་དག་ཅིག་འབྱུང་བཞིན་ཡོད་པ་ལྟ་བུ་རེད། ཅེས་གསུངས་སོང་།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ངོ་བོ་ལ་གོ་ནོར་ཐེབས་མི་རུང་ཚུལ་གསུངས་རྒྱུར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ནི་ཆོས་ཀྱི་བསླབ་བྱ་ལ་རྩ་ནས་མ་བརྟེན་ཞེས་པའི་དོན་མ་ཡིན་པར། ཆོས་ལུགས་བྱེ་བྲག་པ་གཅིག་ཁོ་ན་རྒྱུ་མཚན་དུ་འཁྱེར་མི་འོས་ཞེས་པའི་དོན་ཡིན་པ་དང་། དེ་བཞིན་ཆོས་ལུགས་ལ་དད་པ་མ་བྱེད་ཟེར་བའི་དོན་ཡང་མ་ཡིན། གང་ཟག་སོ་སོ་ལ་མཚོན་ན་ཆོས་ལ་དད་པ་བྱེད་པ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཉམས་ལེན་བྱེད་པ་གཉིས་ལ་འགལ་བ་ཅིའང་མེད་པ་ནི། དཔེར་ན་ང་ཚོའི་བོད་པ་ལྟ་བུ་ཞིག་ལ་མཚོན་ན་ནང་ཆོས་བྱེད་པའི་སྟེང་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཉམས་ལེན་བྱེད་ན་དེ་ནི་ཡག་ཐོག་ཡག་བརྩེགས་ཡིན། ཡང་དེ་ལྟར་བཤད་ཚེ་རང་བཞིན་གྱིས་དྲི་བ་ག་རེ་བསླེབ་ཀྱི་རེད་ཅེས་ན། འོ་ན་ང་ཚོའི་ནང་ཆོས་ཀྱི་ནང་དུ་ཀུན་སྤྱོད་ཀྱི་བླང་དོར་ཆ་ཚང་བ་ཞིག་བསྟན་ཡོད་བཞིན་དུ་ཟུར་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅིག་དགོས་དོན་ག་རེ་ཡིན་ནམ་ཞེས་འདྲི་སྲིད། དེ་ལ་བསམ་བློ་འདི་ལྟར་གཏོང་དགོས་རེད། སྔ་མོ་ང་ཚོའི་བོད་པའི་ལོ་རྒྱུས་ནང་དུ་ཡིན་ནའང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་གཉིས་བཤད་ཡོད་པ་རེད། འཇིག་རྟེན་མི་ཆོས་ཟེར་དུས་ཏག་ཏག ( Secular Ethics )ཞེས་པའི་དོན་རེད། དམ་པའི་ལྷ་ཆོས་ཞེས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་སྒྲུབ་མི་ཐུབ་མཁན་ཞིག་ཡིན་ན་འཇིག་རྟེན་དུ་བཟང་སྤྱོད་སྲུང་དགོས་པས་འཇིག་རྟེན་མི་ཆོས་ཞེས་བཤད་པ་རེད། དེ་ལྟ་བུའི་འཇིག་རྟེན་མི་ཆོས་སྟོན་པའི་བསྟན་བཅོས་མང་ཐག་ཆོད་ཡོད་པ་རེད། དེ་བཞིན་དུ། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ཞེས་བོད་ཀྱི་སྔོན་མའི་བསྟན་བཅོས་རྣམས་སུ་གསུངས་ཡོད་པ་རེད། དེར་བརྟེན་མི་ཆོས་ནི་ལྷ་ཆོས་སྒྲུབ་པའི་ཐོག་མའི་སྔོན་འགྲོ་ལྟ་བུ་ཡིན་པ་ལས་དེ་གཉིས་ལ་འགལ་བ་ཅིའང་མེད་ཅེས་གསུངས་སོང། མདོར་ན་གང་ཟག་སོ་སོས་ཆོས་ལུགས་གང་ཞིག་ཉམས་ལེན་བྱེད་ཀྱང་ཆོག་འཇིག་རྟེན་སྤྱི་ཡོངས་ལ་ཁ་ཕྱོགས་དུས་རང་གི་དད་མོས་དང་ཡིད་ཆེས་གང་ཡིན་པ་དེ་གཙོ་བོར་བཟུང་ནས་དེ་ལ་ཆགས་ཞེན་བྱེད་པ་དེ་འདྲ་མ་ཡིན་པར། དོན་དངོས་དང་ཐུན་མོང་གི་ཁེ་ཕན་གཙོ་བོར་བཟུང་ནས་ཀུན་སྤྱོད་བླང་དོར་ལ་འཇུག་དགོས་པ་ཡིན་ཞེས་གསུངས།
དེ་བཞིན་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་ཉིད་བསླབ་སྟངས་ཀྱི་ཐད་ནས་ཁོང་གིས། བསམ་བློ་གཉིས་པ་ཞིག་ལ། ནང་ཆོས་སུ་གང་བསྟན་པའི་བླང་དོར་གྱི་རྣམ་བཞག་དག་དངོས་ཡོད་གནས་ཚུལ་གཞིར་བཞག་ནས་སངས་རྒྱས་ཀྱིས་བཀའ་གནང་བ་ཞིག་ཡིན་པས་ང་ཚོ་ནང་པ་ཞིག་གི་ངོས་ནས་དེ་ལ་དཀའ་ངལ་ཅིའང་ཡོད་པ་མ་རེད། ཡིན་ནའང་གཞན་ཞིག་ལ་ར་སྤྲོད་རྒྱུ་དཀའ་ངལ་ཆེ་བས་ན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བསླབ་སྟངས་ཀྱི་ཆ་ནས་དེང་དུས་ནུབ་ཕྱོགས་ཀྱི་མཁས་དབང་དང་བཟང་སྤྱོད་བསླབ་སྟངས་ཆེད་མཁས་པ་དེ་དག་གི་ཐབས་ལམ་སོགས་སྤྱད་ནས་བསླབ་ཐུབ་ན་ཧ་ཅང་ལས་སླ་བོ་ཡོད་རེད། དཔེ་ཆ་བཞག་ན། ནང་ཆོས་ཀྱི་ནང་དུ་སྡུག་བསྔལ་གྱི་རྩ་བ་མ་རིག་པ་དང་འཁོར་བའི་རྩ་བའང་དེ་འདོད་བཞིན་ཡོད་ཀྱང་། མི་གཞན་ཞིག་ལ་དེ་ལྟར་བཤད་ན་གོ་བརྡ་མི་འཕྲོད་པས། དེ་ལས་དཀའ་ངལ་གྱི་རྩ་བ་མ་ཤེས་པ་ལ་ཐུག་ཡོད་པ་རེད་ཅེས་བཤད་ན་ལས་སླ་བོར་གོ་ཐུབ་པ་ལྟ་བུ་རེད། བཟང་སྤྱོད་འདི་མར་བསླབ་དུས་ཀྱང་གཙོ་བོ། སོ་སོའི་ཉམས་མྱོང་དང་། ཚན་རིག་གི་རྙེད་དོན། ཐུན་མོང་གི་མྱོང་བ་དེ་ཚོ་གཞིར་བཞག་ནས་གཅིག་གིས་གཅིག་ལ་བྱམས་སྙིང་རྗེ་སྐྱེ་བ་དང་འཆམ་མཐུན་ཡོང་བ། འགྲོ་བ་མི་གཅིག་གྱུར་ཡིན་པ་སོགས་དངོས་པོའི་གནས་ལུགས་དང་མཐུན་པའི་ལྟ་སྟངས་རྒྱ་ཆེ་བ་ཞིག་ཏུ་བསྒྱུར་དགོས་པ་ཡིན། དཔེར་ན། འཆམ་མཐུན་ལྟ་བུར་ཆ་བཞག་ན། མི་ཕན་ཚུན་བར་ལ་འཆམ་མཐུན་དགོས་པ་ང་ཚོ་ཐུན་མོང་གིས་ཤེས་ཀྱི་ཡོད་པ་རེད། དེ་ལས་རྒྱ་ཆེ་ཙམ་བསམ་བློ་བཏང་ན་འཇིག་རྟེན་གྱི་སྣང་སྲིད་དངོས་པོ་གང་འདྲ་ཞིག་ཡིན་ནའང་། ཆོས་དེའི་གནས་སྟངས་ཀྱི་སྟེང་ལ་རང་ཉིད་ལ་དགོས་པའི་རྒྱུ་དང་རྐྱེན་དེ་རྣམས་ནང་ཕན་ཚུན་འཆམ་མཐུན་ཡོད་ན་འཚོ་ཐུབ་པ་ཞིག་དང་། དཔེར་ན་ཤིང་ལྟ་བུ་ཞིག་ཡིན་ན། ཆུ་དང་དྲོད་སོགས་དེ་ཚོ་ཚང་མ་ཡོད་པ་གང་ཞིག་ལ་དེ་ཚོ་ནང་ཕན་ཚུན་དོ་མཉམ་པ་ཞིག་བྱུང་ན་ཤིང་དེ་ཡག་པོ་སྐྱེད་ཐུབ་པ་དང་། གལ་ཏེ་དེ་དག་ལས་གཅིག་ཉུང་བ་དང་གཅིག་མང་བ་ཆགས་ན་ཤིང་དེ་སྐྱེད་མི་ཐུབ་པ་ལྟ་བུ་རེད། དེ་བཞིན་དུ་ང་ཚོའི་མིའི་ལུས་སེམས་འཚོ་ཐུབ་པ་ལ། འབྱུང་བ་བཞི་ལ་རག་ལས་ཡོད་དུས་ང་ཚོའི་གཟུགས་པོའི་ནང་དུ་ཡོད་པའི་འབྱུང་བ་བཞི་དེ་ནང་ཕན་ཚུན་འཆམ་མཐུན་དགོས་པ་རེད། འཆམ་མཐུན་ཟེར་དུས་དེ་དག་ཤུགས་ཆེ་ཆུང་གཅིག་པ་དགོས་པ་རེད། དེ་ཡོང་བ་ལ་ཟས་བརྟེན་ཕྱོགས་སོགས་ལ་གཟབ་དགོས་པས། རང་ཉིད་སྐྱུར་མོ་ལ་དགའ་བོ་ཡོད་པ་རྒྱུ་མཚན་དུ་བྱས་ནས་སྐྱུར་མོ་རྐྱང་བ་ཟ་བསྡད་ན་ཡོང་གི་མ་རེད་ལ། མངར་མོ་ལ་དགའ་བ་རྒྱུ་མཚན་དུ་བྱས་ནས་མངར་མོ་རྐྱང་པ་ཟ་བསྡད་ནའང་ཡོང་གི་མ་རེད། ཅེས་གསུངས།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཚུལ་གྱི་ཐད་ནས་ཁོང་གིས། ད་ལྟའི་འཇིག་རྟེན་འདི་ཉིད་དངོས་གཙོ་སྨྲ་བའི་ལྟ་སྟངས་ཀྱིས་དབང་ཡོངས་སུ་བསྒྱུར་ཡོད་དུས། མི་རྣམས་བྲེལ་ལ་ཚ་བོའི་ངང་གནམ་གྲུས་ཀྱང་རྗེས་ཟིན་ལ་མ་ཟིན་ལ་བྱས་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པ་འདི་ནི་གཙོ་བོ་དབང་པོ་ལྔའི་འདོད་པ་ཁོ་ན་སྐོང་ཆེད་འདུར་བཞིན་པ་དང་ ། མདོར་ན་གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་ཡི་རྗེས་སུ་རྒྱུག་བཞིན་ཡོད་པ་རེད། ཡིན་ནའང་བདེ་སྐྱིད་ཀྱི་འབྱུང་ཁུངས་བཤད་དུས་ང་ཚོས་ཕྱིའི་སྣང་ཚུལ་ལ་སྟངས་འཛིན་ནམ་འགྱུར་བ་གཏོང་མི་ཐུབ་ཀྱང་། དེ་དག་ལ་ནང་སེམས་ཀྱིས་རྣམ་འགྱུར་གང་འདྲ་ཞིག་སྟོན་མིན་གྱི་དབང་ཚད་དེ་ང་ཚོར་ཡོད། དཔེར་ན། མི་ཞིག་གིས་སོ་སོར་རྣམ་འགྱུར་ངན་པ་ཞིག་བསྟན་ན་ང་ཚོས་དེར་སྟངས་འཛིན་བྱེད་རྒྱུ་ཁག་པོ་རེད། དེ་ལས་སོ་སོའི་བསམ་བློའི་ལན་སློག་སྟངས་ལ་སྟངས་འཛིན་བྱེད་ཐུབ་ན་སོ་སོ་ལ་ཅིའང་གནོད་མི་ཐུབ་པ་ལྟ་བུ་རེད། དེ་བཞིན་དུ་ཁྲོམ་ལ་སོང་ན་དེར་ཅ་ལག་དགོས་མི་དགོས་སྣ་ཚོགས་ཅི་རིགས་ཤིག་ཡོད་པ་རེད། ང་ཚོས་དེ་ཚོ་ཁོར་ཡུག་ལ་གནོད་ཚུལ་སོགས་བཤད་བཞིན་ནའང་།མིག་བཙུམ་ནས་དགོས་མི་དགོས་ཐམས་ཅད་ཉོ་བཞིན་ཡོད། དེ་ལས་ལྡོག་ཏེ་ང་ཚོས་ཞིབ་འཇུག་གིས་དངོས་གནས་དགོས་པ་དེ་ག་རེ་རེད། མི་དགོས་པ་དེ་ག་རེ་རེད་དབྱེ་མཚམས་ཕྱེ་ནས་ཉོ་དགོས་པ་ལྟ་བུ་རེད། དེར་བརྟེན་སོ་སོ་རང་གི་བསམ་བློར་སྟངས་འཛིན་བྱས་ནས་ཡོད་ཚད་གཞན་དབང་སྟབས་བསྟུན་ལྟ་བུའི་ཚུལ་གྱིས་ཁོར་ཡུག་དང་ཕྱི་རོལ་གྱི་མཐུན་རྐྱེན་གང་ཡོད་པ་དེའི་རྗེས་སུ་རྒྱུག་མ་བསྡད་པར་བདེ་སྐྱིད་ཅིག་བསྒྲུབ་ཐུབ་ན་དེ་བདེ་སྐྱིད་ངོ་མ་དེ་རེད། དེར་བརྟེན་རང་གི་དགའ་མོས་ལྟ་བུའི་རྗེས་སུ་རྒྱུག་མ་བསྡད་པར་དངོས་ཡོད་གནས་ཚུལ་དང་མཐུན་པའི་ནང་བསམ་བློ་གཏོང་སྟངས་ཤིག་དགོས་པ་ཡིན། ཞེས་གསུངས།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རང་ལུགས་འཇོག་པའི་སྐབས་སུ་ཁོང་གིས་འདི་ལྟར་གསུངས་སོང་། སྤྱིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནས་བསྟན་པའི་བསླབ་བྱ་མང་པོ་ཞིག་ཆོས་ལུགས་མང་ཆེ་བའི་ཉམས་ལེན་གྱི་གཙོ་བོ་དེ་ཆགས་ཀྱི་ཡོད་ནའང་།ཆོས་ལུགས་གཞན་ལྟར་རང་ལྟ་མཁྲེགས་བཟུང་གིས་རང་གི་ལུགས་གཅིག་པོར་བདག་པའི་བདེན་པ་རྐྱང་བ་ཞིག་མི་འདོད་པས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ངོ་བོ་དེ་ཆོས་དད་ཡོད་མཁན་ཞིག་གི་ངོས་ནས་ཀྱང་ཐུན་མོང་གིས་ཁས་ལེན་ཐུབ་པའི་བླང་དོར་གྱི་རྣམ་གཞག་རྣམས་བརྩི་སྲུང་དང་། དེའི་སྟེང་ལ་སོ་སོ་རང་གི་ཆོས་ཉམས་ལེན་བྱེད་ནས་འགྲོ་ནའང་ཆོག ། གལ་ཆེ་བ་དེ་ག་རེ་རེད་ཟེར་ན། གལ་སྲིད་ཁྱེད་ཉིད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྗེས་སུ་འཇུག་མཁན་ཞིག་ཡིན་ན། དེ་ལ་ཁྲིམས་སམ་རྩ་དོན་འགའ་ཡོད་པ་དེ་ཁས་ལེན་བྱ་དགོས་པ་ཡིན། དེ་དག་ནི་བདེན་པ་ཟེར་བ་དེ་རྩ་ཆེན་པོ་ཡིན་པ། སྙིང་རྗེ་ཟེར་བ་དེ་རྩ་ཆེན་པོ་ཡིན་པ། འདྲ་མཉམ་རྩ་ཆེན་པོ་ཡིན་པ། དེ་བཞིན་རང་དབང་དང་སྙིང་སྟོབས། ཡོངས་ཁྱབ་འགན་འཁུར་སོགས་རྩ་ཆེན་པོ་ཡིན་པ་ངེས་ཤེས་རྙེད་དགོས་པ་དང་། རྣམ་བཞག་འདི་དག་ནི་དངོས་ཡོད་དང་། ད་ལྟའི་མང་གཙོའི་འགྲོ་སྟངས། ཚན་རིག་གི་རྙེད་དོན་སོགས་ལ་གཞིར་བཞག་ཡོད་པ་ལས་ཆོས་ཀྱི་སྐད་ཆ་ཅིའང་ཡོད་པ་མ་རེད།
དཔེར་ན། དང་པོ། བདེན་པ་ལྟ་བུ་ལ་མཚོན་ན། ཨིན་སྐད་དུ་( Observable )ཞེས་ཡོད་པ་ལྟར་ཐུན་མོང་གིས་རྙེད་ཐུབ་པ་ཞིག་དང་དེར་ཁུངས་སྐྱེལ་བྱ་ཐུབ་པ་ཞིག་ལ་ཟེར་གྱི་ཡོད་པ་རེད།
གཉིས་པ། སྙིང་རྗེ་ལྟ་བུར་མཚོན་ན། སྙིང་རྗེ་སྐྱེད་ཅེས་པ་ནི་སྙིང་རྗེའི་རིན་ཐང་ངམ་དགོས་པ་དེ་དཔེ་ཆ་བྱེ་བྲག་པ་ཞིག་གཞིར་བཞག་ནས་ངོས་བཟུང་བ་མ་ཡིན་པར། ཕ་རོལ་པོར་སྡུག་བསྔལ་ཡོད་པའི་དོན་དངོས་གཞིར་བཞག་ནས་སྐྱེད་དགོས་པ་ཡིན། དཔེར་ན་སྲོག་གཅོད་ལྟ་བུར་མཚོན་ན་དེ་ཉེས་པ་ཡིན་པའི་རྒྱུ་མཚན་དུ་སངས་རྒྱས་ཀྱི་བཀའ་དང་འགལ་འདུག་པ་དེ་བྱེད་རྒྱུ་མེད་པ་དང་། ཕ་རོལ་པོ་དེས་སྡུག་བསྔལ་མྱོང་བཞིན་འདུག སྡུག་བསྔལ་ཟེར་བ་དེ་སུས་ཀྱང་མི་འདོད་པ་ཞིག་རེད་བསམ་པ་ལྟ་བུའི་སྒོ་ནས་སྲོག་གཅོད་ལ་འཛེམས་པ་ལྟ་བུ་རེད།
གསུམ་པ། འདྲ་མཉམ་ལྟ་བུར་མཚོན་ན། འདྲ་མཉམ་ཟེར་དུས་མི་ཐམས་ཅད་ལ་ཡོན་ཏན་ཆེ་ཆུང་ཡོད་མ་རེད། རིག་པ་ཡག་ཉེས་ཡོད་མ་རེད་ཚང་མ་གཅིག་པ་གཅིག་རྐྱང་རེད་ཟེར་གྱི་ཡོད་མ་རེད། སྐབས་འདིར་འདྲ་མཉམ་ཟེར་དུས། བདེ་བ་སྒྲུབ་པའི་ཐོབ་ཐང་གི་ངོས་ནས་དང་། སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན་པའི་ཆ་འདི་ནས་ཐམས་ཅད་འདྲ་མཉམ་ཡིན་ཞེས་པ་དེ་རེད།
བཞི་བ། རང་དབང་ཟེར་དུས་སོ་སོས་བསམ་བློ་གཏོང་བའི་རང་དབང་། བརྟག་དཔྱད་བྱེད་པའི་རང་དབང་སོགས་ལ་གོ་བ་ཡིན། ལྷ་དང་དཀོན་མཆོག་གི་བཀའ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཉན་རྐྱང་མ་ཡིན་པར་སོ་སོས་རང་སྟོབས་ཀྱིས་དཔྱད་པ་བྱེད་ཆོག་པའི་རང་དབང་ཡོད་པ་ལྟ་བུ་རེད། དེ་བཞིན་སོ་སོ་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱིས་གྲུབ་དོན་གསར་བ་རྙེད་ཡོད་མཁན་ཞིག་ཡིན་ན་དེ་ལ་དམིགས་བསལ་གུས་ཞབས་བྱེད་དགོས་པ་རེད། དཔེར་ན་གྷ་ལེ་ལོའུ( Galileo )ལྟ་བུ་རེད། ཁོང་གིས་ས་དཀྱིལ་སྨྲ་བའི་ལྟ་བ( Geocentrism )ལ་དོགས་སློང་བྱེད་དུས་ཁོང་ལ་དཀའ་ངལ་མང་པོ་འཕྲད་པ་ལྟ་བུ་རེད།
ལྔ་བ། སྙིང་སྟོབས་ཟེར་དུས། རྒྱུ་མཚན་ཅིའང་མེད་པར་ཆགས་ཞེན་ཁོ་ནས་རྗེས་སུ་འབྲང་ནས་འདི་ཡག་དང་འདི་མི་ཡག་གི་རྣམ་བཞག་འབྱེད་བསྡད་པ་ལྟ་བུའི་ཕྱོགས་སུ་ལྷུང་བ་མ་ཡིན་པར། གཟུར་བོར་གནས་པའི་སྙིང་སྟོབས། དེ་བཞིན་དུ་བཙན་པོ་དང་དབང་ཡོད་ལ་མགོ་བོ་མི་སྒུར་བར་ཁ་གཏད་གཅོག་པའི་སྙིང་སྟོབས། ལྷག་པར་དུ་རང་གིས་མི་ཤེས་པ་དང་རང་སྐྱོན་ངོས་ལེན་བྱ་ཐུབ་པའི་སྙིང་སྟོབས་བཅས་ལ་ཟེར་བ་ཡིན།
དྲུག་པ། ཡོངས་ཁྱབ་འགན་འཁུར་ཞེས་པ་ནི། འཇིག་རྟེན་སྤྱི་ཡོངས་ཀྱི་དཀའ་ངལ་ཐད་ནས་སུ་ཞིག་ལའང་ཁག་ངན་དང་ལེ་བདའ་མི་བྱེད་པར་རང་སྟེང་ནས་དེ་སེལ་བ་ལ་འགན་གཙང་མ་འཁུར་དགོས་ཞེས་པའི་དོན་ཡིན། ཞེས་སོགས་གསུངས་སོང་།
མཇུག་མཐར་སློབ་ཕྲུག་དང་ན་གཞོན་དག་དང་མཉམ་དུ་དྲི་བ་དྲིན་ལན་བཅས་གནང་སོང་།། དྲི་བ་དྲིན་ལན་གྱི་སྐབས་སུ་དགེ་བཤེས་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཚིག་འདིའི་སྒང་ལ་བཀའ་གནང་དོན། སྤྱིར་བཏང་འདིའི་སྟེང་ནས་ངས་གོང་ནས་ཞུས་ཟིན་པ་ལྟར་སྔར་ཡོད་ཀྱི་ཐ་སྙད་དག་བེད་སྤྱོད་བྱེད་ན་མི་འགྲིག་པ་མེད་ཀྱང་། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེས་(Secular Ethics )ཞེས་བཀའ་གནང་བཞིན་པ་ཡིན་ཙང་ང་ཚོས་དེ་དང་མཐུན་པའི་སྐད་དོད་ཅིག་བེད་སྤྱོད་གཏོང་དགོས་པ་ཆགས་ཡོད་རེད། ཡིན་ནའང་དེང་སང་ང་ཚོས་( Secular Ethics ) ཞེས་བེད་སྤྱོད་གཏོང་གི་མེད། ང་ཚོས་( See Learning: Social, emotional and ethical learning )ཞེས་བེད་སྤྱོད་གཏོང་གི་ཡོད། དེ་ནི་སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་བའི་སྐོར་ལ་སྦྱོང་ཡ། རང་གི་མྱོང་ཚོར་དང་ཡ་རབ་སྤྱོད་བཟང་སྐོར་ལ་སྦྱོང་ཡ་ལྟ་བུ་རེད་ཅེས་དང་། དེ་ལྟར་བྱས་ན་སུ་ཞིག་གིས་ཀྱང་དེར་རྙོག་གཞི་སློང་མི་ཐུབ་པ་ལྟ་བུ་རེད། ཡིན་ནའང་དཀའ་ངལ་ནི་ང་ཚོས་དེ་དག་ཐད་ཀར་བོད་ཡིག་ཏུ་བསྒྱུར་ན་ཚོགས་སྤྱོད་དང་མྱོང་ཚོར།བཟང་སྤྱོད་ཅེས་མང་པོ་ཞིག་འབྲི་དགོས་དུས། དེའི་ཚབ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བོས་ན་ལས་སླ་བ་ཡོད། ཅེས་བཀའ་ལན་གནང་།
ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ཤེས་ཡོན་གྱི་སྡེ་ཚན་ཞིག་ཡིན་མིན་གྱི་ཐད་ལ་དྲི་བ་དྲིས་པར། ཁོང་གིས། དེ་ཡིན་ད་ཡིན། དེ་ཡིན་པ་མ་ཟད་ཤེས་ཡོན་སྡེ་ཚན་གྱི་ནང་ནས་གལ་ཆེ་ཤོས་ཤིག་ཡིན་ཞེས་དང་། དེར་བརྟེན་ང་ཚོའི་ཤེས་ཡོན་སྲིད་བྱུས་གསར་བ་དེའི་ནང་ལ་བཟང་སྤྱོད་དེ་གལ་ཆེ་ཤོས་ཡིན་ཞེས་འཁོད་བསྡད་ཡོད་པ་རེད། འདི་སྐད་ཆ་གསར་བ་གང་ཡང་མ་རེད། ནུབ་ཕྱོགས་ལ་མཚོན་ན་སྔོན་མ་ནུབ་ཕྱོགས་ལྟ་གྲུབ་ཀྱི་ཡབ་ཆེན་ལྟ་བུ་( Plato ) དང་( Aristotle )སོགས་ཀྱི་སྐབས་ནས་བཟུང་བཤད་བསྡད་པ་ཞིག་རེད། བཟང་སྤྱོད་ཟེར་བ་འདི་བསླབ་དགོས་སམ་མི་དགོས། དེ་བསླབ་ཡ་ཞིག་ཡོད་རེད་དམ་མ་རེད། ཅེས་བཤད་བསྡད་པ་ཞིག་རེད། ཡང་མང་པོ་ཞིག་གིས་དེ་བསླབ་དགོས་པ་མ་རེད། དེ་རང་བཞིན་གྱིས་ཤེས་འགྲོ་བ་ཞིག་རེད་ཅེས་བཤད་ཡོད། ཁོ་ཚོར་བཤད་རྒྱུན་ཞིག་ཡོད་པ་ནི། དཔེར་ན། གཞས་པ་སྐད་ཡག་པོ་ཞིག་ཡོད་ན་མི་ཚང་མ་དེ་ལ་ལྟ་རུ་འགྲོ་རྒྱུ་དགའ་བོ་བྱེད་ཀྱི་རེད། ཡིན་ནའང་མི་ཚང་མས་ཁོའམ་མོ་ལྟར་གཞས་སྙན་མོ་གཏོང་ཐུབ་དགོས་པའི་ངེས་པ་མེད། ཡིན་ནའང་བཟང་སྤྱོད་ནི་དེ་འདྲ་མ་ཡིན་པར་མི་ཚང་མས་ཉམས་ལེན་བྱ་དགོས་པ་ཞིག་ཡིན་ཤག་ཤག་བྱེད་ཀྱི་རེད། ཅེས་བཤད་ཚུལ་ཡོད་པ་ལྟར། ཡ་རབ་བཟང་སྤྱོད་དེ་བསླབ་ཡ་ཡོད་པ་ཞིག་རེད་ལ། དེ་ལ་སློབ་ཚན་ཟུར་དུ་བཟོས་ནའང་འགྲིག་གི་རེད་ལ། ཟུར་དུ་མ་བཟོས་པར་སློབ་ཚན་གཞན་དག་དང་མཉམ་དུ་འགྲོ་ཐུབ་ནའང་འགྲིག་གི་རེད། དཔེར་ན། འཛིན་ཁང་གཅིག་གི་ནང་ལ་མཚོན་ན། ཕྲུ་གུ་ཚོར་ད་ནས་ལོ་འདི་ཙམ་ཞིག་ལ་ང་ཚོས་འཛིན་ཁང་འདིའི་ནང་དུ་སློབ་སྦྱོང་མཉམ་དུ་བྱ་དགོས་པ་རེད། དེས་ན་ང་ཚོས་འབྱུང་འགྱུར་ཕན་ཚུན་འཆམ་མཐུན་ངང་འཛིན་ཁང་འདི་ཡིད་དུ་འོང་བ་ཞིག་བཟོའམ། ཡང་ན་ཕན་ཚུན་འཁྲུག་རྩོད་ཀྱིས་ཡིད་དུ་མི་འོང་བ་ཞིག་བཟོ་ཞེས་ཕྲུ་གུ་ནང་ཕན་ཚུན་གོ་བསྡུར་བྱ་རུ་བཅུག་ནས་བསམ་ཚུལ་དག་ཕྱོགས་སྡོམ་གྱིས་དེ་ཉིད་ཁྲིམས་ཀྱིས་ངོ་བོར་བསྒྱུར་ནས་ཚང་མས་བརྩི་སྲུང་བྱ་དགོས་པ་ལྟ་བུ་བཟོས་ན་འགྲིག་གི་རེད། དེ་ནི་ཕྱི་རོལ་ནས་སུས་ཀྱང་བཙན་བཀའ་བཏང་ནས་བཟོས་པ་མ་ཡིན་པར་ཕྲུ་གུ་ཁོ་ཚོ་ནང་ཕན་ཚུན་གྲོས་བསྡུར་གྱིས་ཁྲིམས་བཅས་པ་ཡིན་པས་དེ་ལ་བརྩི་སྲུང་བྱ་དགོས་ངེས་ཡིན་ཚུལ་བཤད་ནས་ཁོར་ཡུག་དེ་ཉིད་ཡ་རབ་བཟང་སྤྱོད་དང་ལྡན་པའི་ངོ་བོར་བསྒྱུར་ཐབས་བྱེད་པ་ལྟ་བུ་རེད། ཅེས་གསུངས་སོང་།
ཡང་དྲི་བ་གཞན་ཞིག་ཏུ་བྱམས་པ་དང་སྙིང་རྗེ་ཉམས་ལེན་བྱེད་པ་ནི་ནུས་པ་མེད་པའི་རྟགས་མཚན་ལྟ་བུར་ངོས་འཛིན་བྱེད་མཁན་ཡོད་པས་དེའི་སྒང་དགོངས་ཚུལ་གང་ཡོད་དྲིས་པར། ཁོང་གིས། དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། དཔེར་ན། སྙིང་རྗེ་དང་འཚེ་མེད་ཞི་བ་ལྟ་བུར་མཚོན་ན་མི་ནུས་མེད་དང་དགྲ་ལ་འཛིང་མི་ཐུབ་མཁན་དག་གི་ལས་ཀ་ལྟ་བུར་ངོས་འཛིན་མཁན་ཡོད་ཀྱང་། དེ་ནི་ཏག་ཏག་དེའི་ལྡོག་ཕྱོགས་རེད། སྙིང་རྗེ་ཚད་དང་ལྡན་པ་དང་འཚེ་བ་མེད་པ་ཚད་དང་ལྡན་པ་ཉམས་ལེན་བྱེད་མཁན་དག་ནི་ དོན་དངོས་སུ་རྣམ་དཔྱོད་ལེགས་པོ་ཡོད་མཁན་། ཕུགས་རྒྱང་རིང་པོར་མཐོང་མཁན། བློ་ཁོག་ཆེན་པོ་ཡོད་མཁན་དེ་དག་རེད། དེར་བརྟེན། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་འཚེ་བ་མེད་པའི་གོ་རྟོགས་ཧ་ཅང་སྐྱོ་བོ་རེད། ཅེས་སོགས་གསུངས་སོང་། མཇུག་མཐར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དབུ་འཛིན་རྡོ་རྗེ་སྐྱིད་ལགས་ཀྱིས་དགེ་བཤེས་ལགས་ལ་ཐུགས་རྗེ་ཆེ་ཞེས་མཚོན་བྱེད་མཇལ་དར་དང་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུང་བཤད་དང་དེའི་རྗེས་སུ་ཚོགས་བཅར་བ་རྣམས་ལ་གསོལ་ཇ་ཕུལ་ཡོད་པ་རེད།