ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཐུང་ཆུ་གཙང་བཟོའི་ལས་འཆར།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཐུང་ཆུ་གཙང་བཟོའི་ལས་འཆར་འདི་བཞིན་ཕྱི་ལོ་༢༠༡༠ ལོར་འགོ་འཛུགས་བྱས་ནས་ཁྱོན་བསྡོམས་ཆུ་ཚགས་འཕྲུལ་ཆས་གྲངས་ ༢༧ བཙུགས་ཡོད་པ་དང་། དེ་དག་ནི་རྒན་གསོ་ཁང་དང་། དགོན་སྡེ་དང་བཙུན་དགོན། སློབ་གྲྭ་ཁག། གཞིས་ཆགས། སྨན་ཁང་། སྤྱི་ཐབ། དཔེ་མཛོད་ཁང་སོགས་མི་མང་འདུས་སྡོད་ཆེ་བའི་ས་གནས་སོགས་རྒྱ་གར་གྱི་བྱང་ཕྱོགས་ཁུལ་གྱི་ས་གནས་མི་འདྲ་བ་མང་པོར་ལས་འཆར་འདི་ལག་བསྟར་ཞུས་ཡོད་ཅིང་།
ང་ཚོའི་ཚོགས་པའི་མཐུན་རྐྱེན་རོགས་རམ་འོག་ཆུ་ཚགས་འཕྲུལ་ཆས་དེ་དག་ལོ་ལྟར་གཙང་བཟོ་བྱེད་བཞིན་པ་ལྟར། ད་ལན་དྷ་སའི་ཁུལ་དུ་བཙུགས་པའི་འཕྲུལ་ཆས་དེ་དག་གཙང་བཟོ་ལེགས་པ་གྲུབ་ཟིན་ཡོད་པ་དང་།
དེ་བཞིན་རིམ་པས་ས་གནས་གཞན་ཁག་ལ་ཡང་བཙང་བཟོ་བྱ་འཆར་ཡོད་པ་རེད། ཆར་དུས་ཀྱི་སྐབས་སུ་འཐུང་ཆུ་མི་གཙང་བའི་རྐྱེན་པས་ནད་རིམས་འདྲ་མིན་ཡོང་གི་ཡོད་པར་བརྟེན། ལོ་ལྟར་ཆར་དུས་མ་ཚུགས་པའི་སྔོན་དུ་འཕྲུལ་ཆས་དེ་ཉིད་གཙང་བཟོ་བྱ་རྒྱུ་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། ང་ཚོས་མུ་མཐུད་མདུན་བསྐྱོད་ཀྱི་འཐུང་ཆུ་གཙང་བཟོ་ལས་འཆར་དེ་ཉིད་ཀྱི་ཆེད་རོགས་སྐྱོར་འཚོལ་བཞིན་པ་དང་འཐུང་ཆུ་ལ་དཀའ་ངལ་འཕྲད་བཞིན་པའི་ཚོགས་སྡེ་སོགས་ཀྱིས་སྙན་ཞུ་གནང་འབྱོར་བྱུང་བ་དག་ལ་འབྱུང་འགྱུར་ ང་ཚོའི་ཚོགས་པས་ངོས་ནས་སྤྲོ་བ་དང་བཅས་ཏེ་མུ་མཐུད་ལས་འཆར་དེ་ལག་བསྟར་བྱེད་ཐུབ་པའི་ཆོད་སེམས་བརྟན་པོ་ཐོག་ནས་རྒྱུན་འཁྱོངས་ཞུ་བཞིན་ཡོད་ན་གཏོང་ཕོད་ཅན་རྣམས་ནས་ཀྱང་ང་ཚོར་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་ཞུ་བཞིན་ཡོད།
འཐུང་ཆུ་གཙང་མའི་ལས་འཆར་འདིའི་དམིགས་ཡུལ་ནི་ཆུ་གཙང་མ་མཁོ་སྤྲོད་ཀྱིས་ཆུའི་བརྒྱུད་ནས་ཡོང་བའི་ནད་རིགས་སྔོན་འགོག་ཆེད་ཡིན་ཞིང་། ལྷག་པར་དུ་སློབ་མ་རྣམས་ལ་ཆུ་བཙོག་པ་ལས་བྱུང་བའི་ན་ཚའི་རིགས་མི་ཡོང་བར་ཁོ་ཚོའི་འཕྲོད་བསྟེན་ཡར་རྒྱས་དང་བདེ་ཐང་ཡོང་ཐབས་བྱ་རྒྱུ་ཆེད་ལས་འཆར་འདི་འགོ་འཛུགས་ཞུས་ཡོད་པ་རེད།