འབྲེལ་གཏུག་དུས་དེབ།

Contact Magazine 02

Contact Magazine 02གསར་འགྱུར་རྒྱུད་ལམ་ནི་མི་རྣམས་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་འགྱུར་འགྲོས་དང་གནས་ཚུལ་ལེགས་ཉེས་ཇི་བྱུང་དུས་ཐོག་ཏུ་མཁོ་སྤྲོད་བྱེད་པའི་རྒྱུད་ལམ་ཞིག་ཡིན་པས། བོད་པའི་གནས་བབས་ལ་མཚོན་ན་སྐད་ཡིག་འདྲ་མིན་ཐོག་གསར་འགྱུར་རྒྱུད་ལམ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་རྒྱལ་སྐད་ཡིག་དང་ལྷག་པར་ཨིན་ཡིག་ཐོག་བོད་དོན་གནས་ཚུལ་ཁག་རྒྱུན་མཐུད་ནས་ཟླ་རེར་ལྟར་ཆགས་པར་སྐྲུན་གྱིས་རིན་མེད་འགྲེམས་སྤེལ་དང་། ཁྱབ་ཆེན་པོ་ཡོད་པ་ང་ཚོས་པར་སྐྲུན་བྱེད་བཞིན་པའི་འབྲེལ་གཏུག་དུས་དེབ་ཙམ་ལས་མེད་ཅིང་། ང་ཚོས་གཙོ་གཉེར་གྱིས་དཔར་སྐྲུན་བྱེད་བཞིན་པའི་འབྲེལ་གཏུག་དུས་དེབ་ (Contact Magazine) འདི་ཕྱི་ལོ་ ༡༩༩༧ ཙམ་ལ་ཨ་རི་བའི་ནང་མི་ཞིག་དང་བོད་པའི་གཞོན་སྐྱེས་འགའ་ཤས་ཀྱིས་འགོ་འཛུགས་བྱས་ཡོད་པ་དང་།

དང་པོ་འགོ་འཛུགས་བྱེད་སྐབས་དུས་དེབ་འདིར་ཤོག་ངོས་གཉིས་ཙམ་ལས་མེད་ཅིང་། དེ་རྗེས་ ༢༠༠༢ ཙམ་ལ་ད་ལྟའི་ང་ཚོའི་ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་གྱིས་འགན་ཁུར་འོག་རྩོམ་སྒྲིག་དང་པར་སྐྲུན་བྱས་ཤིང་། ཕྱི་ལོ་ ༢༠༠༤ ཙམ་ནས་བཟུང་ང་ཚོའི་ཚོགས་པ་དང་མཉམ་འབྲེལ་གྱི་ངོ་བོའི་ཐོག་ནས་པར་སྐྲུན་དང་། ཕྱི་ལོ་ ༢༠༡༢ ནས་ཚོགས་པ་རང་གིས་ཆ་ཚང་འགན་ཁུར་འོག་རྩོམ་སྒྲིག་དང་པར་སྐྲུན་བྱེད་འགོ་བཙུགས་ཤིང་། དེ་ནས་བཟུང་དུས་དེབ་ཀྱི་ཤོག་ངོས་ ༡༨ ནས་ ༢༤ བར་མང་དུ་བཏང་བ་དང་། དྲ་ཚིགས་གསར་བཟོ་བྱས་ཏེ་ཚད་ལྡན་གྱི་དྲ་ཚིགས་འཆར་འགོད་བྱས་ཡོད་པར་མ་ཟད། གསར་འགྱུར་གྱི་སྤུས་ཚད་དང་། གྲངས་ཚད། མགྱོགས་ཚད་སོགས་མཐོ་རུ་བཏང་ཡོད། ད་དུང་དུས་དེབ་འདིའི་ཆེད་དུ་ཁྱད་ལས་ལས་བྱེད་གསར་བསྐོས་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཡང་ཨིན་ཡུལ་རང་ནས་ཡིན་པའི་ཨིན་ཇི་རྩོམ་སྒྲིག་གི་ཉམས་མྱོང་ལྡན་པའི་ཁྱད་ལས་པ་ཡིན་ཞིང་། གསར་འགྱུར་འགོད་ཕྱོགས་ལ་ཆ་མཚོན་ན་བོད་དང་རྒྱལ་སྤྱིའི་གནས་ཚུལ་རྣམས་དུས་ཐོག་འགོད་སྤེལ་དང་། སྤུས་ཚད་ལྡན་ལ་ཁུངས་བཙན་པའི་དྲང་བདེན་གྱི་གནས་ཚུལ་རིགས་འགོད་སྤེལ་བྱེད་པ་མ་གཏོགས་གཞུང་དང་གནད་ཡོད་མི་སྣར་གཞི་མེད་སྐྱོན་བརྗོད་དང་སྤྱི་ཚོགས་རྡབ་གསིག་བཟོ་བའི་གནས་ཚུལ་རིགས་རྩ་བ་ནས་འགོད་སྤེལ་བྱེད་ཀྱི་མེད་པར་མ་ཟད། འདས་པའི་ལོ་ངོ་ ༢༠ ཙམ་རིང་རིན་མེད་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན།

Contact Magazine 03འབྲེལ་གཏུག་དུས་དེབ་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མི་ཚོའི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་ཤེས་རྟོགས་གསལ་པོ་ཡོང་ཆེད། སྨྲ་བརྗོད་རང་དབང་བྲལ་བའི་བོད་མི་ཚོའི་མགྲིན་ཚབ་པ་ལྟ་བུར་འགྱུར་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་ནང་གི་གལ་ཆེའི་གནས་ཚུལ་དང་། གནད་ཡོད་མི་སྣའི་སྐོར་གྱི་གནས་ཚུལ། བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ། མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་གནས་ཚུལ་འགོད་སྤེལ་བྱེད་ཀྱི་ཡོད། དུས་དེབ་ནང་བོད་ཀྱི་གནས་ཚུལ་ཙམ་མ་ཡིན་པར་ས་གནས་ཀྱི་གནས་ཚུལ་དང་། མི་སྒེར་གྱི་ལོ་རྒྱུས། བཙན་བྱོལ་ནང་གི་ཚོགས་སྡེ་ཁག་ངོ་སྤྲོད་དང་འབྲེལ་གཏུག་ཁ་བྱང་། རྒྱལ་སྤྱིའི་ཡུལ་སྐོར་བར་དགོས་པའི་གནས་ཚུལ་སོགས་ཀྱང་འགོད་བཞིན་ཡོད། ཕྱི་ལོ་ ༢༠༡༣ ནས་དུས་དེབ་འདི་རྒྱ་གར་དབུས་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གི་ཚགས་ཤོག་ཁྲིམས་མཐུན་དེབ་སྐྱེལ་ལས་ཁུངས་ལ་ཡོངས་སུ་དེབ་སྐྱེལ་བྱས་ཡོད། དེབ་སྐྱེལ་ཨང་གྲངས་ནི། HPENG/2013/51798. ཡིན།

དུས་དེབ་འདི་འཛམ་གླིང་གི་འགྲུལ་བཞུད་སྣེ་ཤན་གྱི་དེབ་ཁྱབ་ཆེ་ཤོས་ (Lonely Planet) དང་། དེ་བཞིན་འགྲིམ་འགྲུལ་ཚོགས་སྡེ་ཁག་མང་པོ་ཞིག་གིས་ངོས་འཛིན་དང་འབྲེལ། བོད་པའི་སྤྱི་ཚོགས་ནང་དཔར་སྐྲུན་བྱེད་བཞིན་པའི་ཨིན་ཡིག་དུས་དེབ་ཁག་གི་ནང་ནས་དུས་ཡུན་རིང་ཤོས་ཤིག་ཆགས་ཡོད་པ་རེད།

དུས་དེབ་འདི་ཟླ་བ་རེར་ཐེངས་རེ་པར་སྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད་སྟབས། དཔར་ཐེངས་རེར་ཁྱོན་དེབ་གྲངས་ ༧༠༠ ནས་ ༡༠༠༠ བར་པར་སྐྲུན་དང་རིན་མེད་འགྲེམས་སྤེལ་གྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཚོགས་སྡེ་ཁག བོད་པའི་སློབ་གྲྭ་ཁག། གཞིས་ཆགས་ཁག མི་སྒེར་སོགས་ལ་སྦྲག་ཐོག་ནས་བཏང་སྟེ། ས་གནས་ས་ཐོག་རང་ལ་ཤུགས་ཆེན་འགྲེམས་སྤེལ་བྱེད་ཀྱི་ཡོད། དུས་དེབ་མངགས་མཁན་སྒེར་བ་དང་། རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག། རྒྱ་གར་ནང་གི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་སོགས་ཐག་རིང་སར་སྦྲག་ཐོག་དང་། ཉེ་སར་སྐྱེལ་མཁན་མངགས་གཏོང་གིས་རིན་མེད་འགྲེམ་སྤེལ་བྱེད་བཞིན་ཡོད། དུས་དེབ་འདི་བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་མཐུད་དེ་རིན་མེད་ཀྱིས་འགྲེམས་སྤེལ་ཆེས་ཆེར་འགྲོ་བཞིན་པའི་ཨིན་ཡིག་གི་དུས་དེབ་གཅིག་པུ་དེ་ཡིན་ཞིང་། ད་བར་དུས་དེབ་གྲངས་ ༡༦༨༠༠༠ དཔར་འགྲེམས་བྱས་ཡོད། ད་དུང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དྭང་བླངས་པ་ ༢༠ ནས་ ༤༠ ལྷག་དང་། ལྷའི་ལས་བྱེད་སོགས་ཀྱིས་བོད་དོན་དང་འབྲེལ་བའི་དམིགས་བསལ་གསར་འགྱུར་དང་རྩོམ་ཡིག་ཕྱི་ལོ་ ༢༠༡༢ ནས་ ༢༠༡༧ བར་གྲངས་ ༨༣༤ ཙམ་འགོད་སྤེལ་བྱས་ཡོད། ཕྱི་རྒྱལ་དྭང་བླངས་པ་རྣམས་བོད་པའི་སྐོར་གྱི་གནས་ཚུལ་གཏིང་ཟབ་ཤེས་རྟོགས་ཡོད་མཁན་ཆེས་ཉུང་ཉུང་ཡིན་རྐྱེན། ང་ཚོས་བོད་དོན་དང་འབྲེལ་བའི་གསར་འགྱུར་བརྗོད་གཞི་རེ་སྤྲད་ནས་འབྲི་བཅུག་སྐབས། ཁོང་ཚོར་བོད་དོན་སྐོར་སྔར་ལས་ལྷག་པའི་ཤེས་རྟོགས་ཡོང་གི་ཡོད། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་ཕྱི་རྒྱལ་བ་ཚོར་བོད་པའི་མང་གཙོའི་སྐོར་ཤེས་རྟོགས་སླད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་སྐོར་གྱི་གསར་གནས་དང་བཅར་འདྲི་སོགས་ཁྱབ་སྤེལ་བྱེད་རྒྱུར་གཙོ་འདོན་བྱས་ཡོད་ཅིང་། ད་དུང་ང་ཚོས་དམིགས་བསལ་གྱི་བརྗོད་གཞི་ “ཐུན་མིན་འོས་བསྡུ” ཞེས་པ་འདོན་སྤེལ་བྱས་ཏེ། ཕྱི་ལོ་ ༢༠༡༦ ཕྱི་ཟླ་གསུམ་པའི་འོས་བསྡུའི་ལས་རིམ་ལ་ཁྱབ་ཚད་ཆེན་པོས་གོ་རྟོགས་གོང་འཕེལ་བཏང་ཐུབ་པ་བྱུང་ཡོད།

Contact Magazineཕྱི་ལོ་ ༢༠༡༦ ནས་བཟུང་སྟེ་དུས་དེབ་དཔར་ཐེངས་རེེར་མི་སྣ་རེའི་ལོ་རྒྱུས་འགོད་རྒྱུའི་འགོ་འཛུགས་བྱས་ཤིང་། མི་སྒེར་གྱི་ལོ་རྒྱུས་བརྒྱུད་བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་དོན་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཡོང་བའི་རྒྱུད་ལམ་གསར་པ་ཞིག་ཆགས་ཡོད། ཟླ་རེར་མི་ ༤༠༠༠ ཙམ་གྱིས་གཟིགས་མཁན་ཡོད་པའི་དྲ་གནས་ www.contactmagazine.net འདི་ལ་ཉིན་ལྟར་བོད་དོན་གྱི་གནས་ཚུལ་དུས་ཐོག་ཏུ་འགོད་སྤེལ་བྱེད་བཞིན་ཡོད་ལ། དེ་བཞིན་འབྲེལ་གཏུག་དུས་དེབ་ PDF འཕྲུལ་དེབ་བཟོས་ཏེ་ཟླ་རེ་བཞིན་མི་མང་གིས་གཟིགས་ཀློག་ཐུབ་པའི་འདྲ་ཚིགས་ http://issuu.com/; ཞེས་པར་འཇོག་གི་ཡོད་པས། དེར་བལྟ་མཁན་ཟླ་རེ་ལ་མི་གྲངས་ ༦,༡༩༤ ཙམ་ཡོང་བཞིན་འདུག
འབྲེལ་གཏུག་དུས་དེབ་འདི་ཁ་ཐུག་འབྲེལ་གཏུག་དྲ་རྒྱའི་ http://contactmagazine.net/ ཐོག་ནས་ཀྱང་དུས་ཐོག་ཏུ་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པ་རེད།

Leave your comment