གཙོ་གནད་ཀྱི་ལས་དོན་ཁག་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས།
ང་ཚོས་མུ་མཐུད་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ། ལས་འཆར་གྱི་རྣམ་གྲངས་ལོ་རེ་བཞིན་རྒྱ་བསྐྱེད་དང་འཆར་གཞི་བསྒྲིགས་ཏེ་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༨ ནས་བཟུང་ཚོགས་པ་འདིའི་ལས་གཞི་དང་སྤྱི་ཚོགས་ཞབས་ཞུའི་རྣམ་གྲངས་མང་དུ་བཏང་སྟེ་ཕྱོགས་གང་ཅིའི་ཐད་ཡར་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན། ང་ཚོའི་དགོས་དམིགས་དང་མཐུན་པའི་བསྒྲུབ་བྱ་གཙོ་བོ་ཁག་སྟེ་རྩ་ཆེའི་བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ། སྤྱི་ཚོགས་ཞབས་ཞུ། ཤེས་ཡོན་སློབ་གསོ། བོད་དོན་གོ་རྟོགས་སྤེལ་བ་དང་དྲིལ་བསྒྲགས་བྱེད་པ། དྭང་བླངས་ཞབས་ཞུའི་གོ་སྐབས། རིག་གཞུང་བརྗེ་རེས་སོགས་གལ་ཆེའི་ལས་གཞི་ཁག་ལག་བསྟར་བྱས་ཏེ་ཕན་ནུས་ལྡན་པའི་གྲུབ་འབྲས་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད།
ཕྱི་ལོ་ ༡༩༩༧ ལོར་ཚོགས་པ་འདི་གསར་འཛུགས་བྱས་པ་ནས་བཟུང་བྱམས་བརྩེ་དང་གཏོང་ཕོད་ཆེ་བའི་རོགས་སྐྱོར་གནང་མཁན་རྣམས་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ལྷག་བསམ་རྣམ་དག་དང་ཆོད་སེམས་བརྟན་པོའི་ལེགས་སྐྱེས་འབུལ་མཁན་དྭང་བླངས་པ་ཆེས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་དེས་ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་དེ་ཡར་རྒྱས་དང་ལག་བསྟར་དོན་འཁྱོལ་ཡོང་བར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་སོང༌། ཕྱི་ལོ་ ༡༩༩༧ ནས་ ༢༠༡༧ བར་འདས་པའི་མི་ལོ་ ༢༠ རིང་ང་ཚོའི་ཞབས་ཞུའི་ལས་དོན་ཁག་འཆར་གཞི་ལྟར་ལམ་ལྷོངས་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་ཐོན་བྱུང་སོང་བས། ང་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་བློ་སྤོབས་སྟེར་མཁན་དང། མཐུན་འགྱུར་རོགས་རམ་གནང་མཁན། དྭང་བླངས་ལས་བྱེད་སོགས་གཙོས་པའི་འབྲེལ་ཡོད་ཚང་མའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན།