ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ ༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་སྙན་ཐོ།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་། ཕྱི་ལོ་ ༢༠༡༧ ལོའི་ལས་བསྡོམས་སྙན་ཐོ་འདོན་སྤེལ་བྱེད་པར་སྤྲོ་བས་བརྟས། ང་ཚོས་ཚོགས་པའི་ལོ་ཉི་ཤུ་འཁོར་བའི་དུས་སྟོན་སྲུང་བརྩི་བྱས་པ་སོགས་ཕྱི་ལོ་ ༢༠༡༧ ལོ་ནི་ང་ཚོར་མཚོན་ན་དམིགས་བསལ་གྱི་ལོ་ཞིག་ཡིན་ལ། ལོ་འདི་ནི་སློབ་སྦྱོང་དང་། ཉམས་མྱོང་། འགྱུར་ལྡོག་གོང་འཕེལ་སོགས་ཀྱི་ལོ་ཞིག་ཏུ་གྱུར་སོང་། ལོ་འདིར་ང་ཚོས་དགོས་ངེས་ཅན་གྱི་ལས་འཆར་ ༣༤ ཙམ་ལག་བསྟར་བྱས་པ་ཡིན།
ལོ་འདིར་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་བྱུང་སོང་བས། ང་ཚོས་ཐབས་བྱུས་དང་རང་ནུས་ཡོད་ཚད་འབད་བརྩོད་བྱས་པ་བརྒྱུད། ང་ཚོར་གསར་གཏོད་དང་བློ་སྐྱེད་གསར་པོ་ཐོབ་བྱུང་། དེ་བཞིན་གདོང་ལེན་བྱེད་དགོས་པའི་གནས་སྟངས་མང་པོ་འཕྲད་སོང་། ང་ཚོ་ལས་ཁེ་ཕན་འཐོབ་མཁན་རྣམས་དང་ལྷན་དུ་ལན་དོན་བསྒྲུབ་པར་ང་ཚོའི་ལས་འཆར་ལེགས་བཅོས་གཏོང་བ་དང་ལས་དོན་བྱེད་ཕྱོགས་ཐད་སྟབས་བསྟུན་བྱེད་དགོས་པ་ཇི་ཉིད་བྱུང་སོང་།
འོན་ཀྱང་ང་ཚོར་འགྱུར་བ་མེད་པའི་གནས་དོན་དེ་ནི་སྤྱི་ཚོགས་འདིར་ཤེས་ཡོན་དང་འཕྲོད་སྟེན་གྱི་གོ་སྐབས་གང་ལེགས་བསྐྲུན་རྒྱུའི་ཐད་བདུན་པ་དང་སྤྲོ་བ་མུ་མཐུད་དེ་གནས་ཡོད་པ་དེ་ཡིན། ལས་དོན་འདི་བྱེད་པ་ལས་སླ་མོ་ཞིག་མིན་རྐྱེན་ང་ཚོར་དཀའ་ཁག་དུ་མ་བྱུང་མོད། འོན་ཀྱང་ཉམས་མྱོང་དེ་དག་གིས་ང་ཚོའི་དམིགས་ཡུལ་སྔར་ལས་ཀྱང་བརྟན་ཅིང་བྱམས་བརྩེ་ལྡན་པར་གོང་འཕེལ་བྱུང་ཡོད། ད་དུང་ང་ཚོས་རྒྱུན་ཏན་གཏང་འཛིན་དང་དུས་བསྟུན་ཐབས་ལྷན་གྱིས་ཐག་གཅོད་བྱས་པ་བརྒྱུད་ང་ཚོའི་བར་འདུམ་ལ་སྲ་བརྟན་དང་སྟབས་བདེར་བསྐྲུན་ཡོད། ང་ཚོ་ལས་ཁེ་ཕན་འཐོབ་མཁན་དང་། མཐུན་གྲོགས། སྦྱིན་བདག རེ་སྨོན་གནང་མཁན་སོགས་ཀྱིས་ང་ཚོར་བཅོལ་བའི་རེ་བ་དང་ཡིད་ཆེས་ཀྱིས་ང་ཚོ་གཉན་འཕྲང་དང་དཀའ་སྡུག་གི་དུས་སུའང་ཁ་ཕྱོགས་བརྟན་པོར་གནས་པར་སྐུལ་ལྕགས་གང་ལེགས་བྱུང་། འདི་ལོར་ང་ཚོས་འདི་འདྲའི་གནས་སྐབས་མང་པོ་མཐོང་བའི་བསོད་ནམས་བྱུང་བ་དང་། ལོ་འཁོར་སྙན་ཐོ་འདི་བརྒྱུད་ཁྱེད་རྣམས་ལ་སྣང་ཚུལ་འདི་དག་འབུལ་རྒྱུ་ཡིན།
ཚོགས་པའི་སྐོར།
ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནི་རྒྱ་གར་དྷ་སར་བརྟེན་གཞི་བྱས་ཤིང་གཟེངས་རྟགས་ (གང་མང་) ཐོབ་པའི་བོད་ཀྱི་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཆེ་ཤོས་ཤིག་ཡིན། ཚོགས་པ་འདི་ཕྱི་ལོ་ ༡༩༩༧ ལོར་གསར་འཛུགས་བྱས་པ་དང་། ཡིད་ཆེས་དགེ་རྩའི་མིང་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཤིང་། དེ་ནས་ད་བར་མི་ལོ་ཉི་ཤུ་བརྒལ་བར་དགོས་མཁོ་ཅན་དག་ལ་དགོས་ངེས་ཀྱི་མཐུན་རྐྱེན་ཟམ་མ་ཆད་པར་སྦྱར་ཡོད། ཚོགས་པའི་དངུལ་རྩིས་ཀྱང་ཟླ་རེ་དང་ལོ་རེ་བཞིན་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཁྱད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་བཏོན་ཏེ་མངའ་སྡེ་དཔྱ་ཁྲལ་ལས་ཁུངས་ནས་དག་མཆན་གནང་གི་ཡོད།
ཚོགས་པའི་དམིགས་ཡུལ་དང་ལས་འཆར།
ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་སུ་དགོས་མཁོ་ཆེ་ཞིང་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་སོགས་ཀྱི་ལས་དོན་སྣ་མང་བསྒྲུབ་རྒྱུ་དེ་ཡིན། འོན་ཀྱང་ལྷའི་སྤྱི་ཚོགས་ཞབས་ཞུ་ནི་ཧི་མ་ལ་ཡའི་མི་རིགས་དང་། ས་གནས་རྒྱ་གར་ཡུལ་མི་སོགས་ལའང་རྒྱ་སྐྱེད་བྱེད་བཞིན་ཡོད།
ཚོགས་པས་ཉིན་རེ་བཞིན་མི་ ༡༥༠ ལས་བརྒལ་བར་ཞབས་ཞུ་སྒྲུབ་པ་དང་། དང་བླངས་པ་ ༡༥ ནས་ ༢༥ཙམ་ལ་སྣེ་ལེན་དང་དང་བླངས་ཀྱི་ཞབས་ཞུའི་གོ་སྐབས་འབུལ་འཞིན་ཡོད་ཅིང་། བོད་ཡིག། ཨིན་ཡིག རྒྱ་ཡིག ཧྥ་རན་སིའི་སྐད་ཡིག འཇར་མན་སྐད་སོགས་སྐད་ཡིག་འཛིན་གྲྭ་མཐོ་དམན་འདྲ་མིན་དང་། སྒེར་གྱི་དགེ་རྒན། ཀམ་པུར་ཊར་འཛིན་གྲྭ བཅུད་ལྡན་ཞལ་ལག་མཐུན་རྐྱེན། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ། འཐུང་ཆུ་གཙང་བཟོའི་ལས་གཞི། སྨན་དང་། དེབ། གྱོན་གོས་སོགས་རིན་མེད་བགོ་འགྲེམ། འབྲེལ་གཏུག་དུས་དེབ་པར་སྐྲུན་དང་རིན་མེད་འགྲེམ་སྤེལ། འཕྲོད་བསྟེན་ཞབས་ཞུ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོག་ལས་འགུལ། དྭང་བླངས་ཞབས་ཞུའི་གོ་སྐབས་དང་འབྲེལ་མཐུད། མི་མང་དཔེ་མཛོད། ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་དང་ལྷན་དུ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་སོགས་ཀྱིས་མཚོན་པའི་ཞབས་ཞུའི་རྣམས་གྲངས་མི་འདྲ་བ་ ༢༠ ཙམ་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་ཀྱི་ཡོད།
ང་ཚོས་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་དང་། ཕྱི་རྒྱལ་ཁག་ནས་ཕེབས་པའི་ཕྱི་རྒྱལ་པ་རྣམས་ལ་སྣེ་ལེན་དང་། སྒྱུས་སྟོན། བོད་པའི་མི་ཚང་དེ་འདྲའི་ནང་དུ་གནས་སྡོད། (home stay) གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་སྣེ་ཁྲིད་སོགས་ལའང་གོ་སྒྲིག་བྱེད་ཀྱི་ཡོད། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ལ་མཚོན་ན། ཕྱི་ལོ་ ༢༠༡༧ ལོ་ནི་དང་བླངས་པ་རྣམས་དང་། སྦྱིན་བདག་གནང་མཁན་ཚོགས་པ་ཁག མི་སྒེར་པ་སོགས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་བྱ་བ་མང་བའི་ལོ་ཞིག་ཆགས་སོང་ཞིང་། ང་ཚོས་ལག་བསྟར་བྱེད་བཞིན་པའི་ལས་འཆར་རྣམས་ཡར་རྒྱས་དང་། ལས་འཆར་དང་ལས་གཞི་གསར་པ་ཡང་འགོ་འཛུགས་བྱེེད་ཐུབ་པ་བྱུང་། འདི་ལོར་ང་ཚོས་ལག་བསྟར་བྱས་པའི་ལས་གཞི་ཁག་གཤམ་དུ་འགྲེལ་བཤད་ཞུས་ཡོད།
ཕྱི་ལོ་ ༢༠༡༧ ལོའི་ལས་འཆར་གྱི་ཤུགས་རྐྱེན།
རྒྱལ་སྤྱིའི་སྐད་ཡིག་འཛིན་གྲྭ།
ཨིན་ཇིའི་སྐད་ཡིག་འཛིན་གྲྭ་ནི་ཚོགས་པའི་ཐོག་མའི་ཞབས་ཞུ་དེ་ཆགས་ཡོད། ད་ལྟའི་ཆར་ཨིན་ཡིག་འཛིན་གྲྭར་གནས་རིམ་མི་འདྲ་བ་ལྔ་དང་། རྒྱ་ཡིག་དང་ཧྥ་རན་སིའི་སྐད་ཡིག་ལ་གནས་རིམ་གསུམ་ཡོད། བོད་ཀྱི་བརྡ་སྤྲོད་དང་སྐད་ཡིག་ཀྱི་རྨང་གཞིའི་འཛིན་གྲྭ། འཇར་མིན་སྐད་ཡིག་སོགས་བསྡོམས་པའི་ཉིན་ལྟར་འཛིན་གྲྭ་ཁག་ ༡༣ ཙམ་གཟའ་ཟླ་བ་ནས་པ་སངས་བར་འཚོགས་བཞིན་ཡོད་ཅིང་། སློབ་མ་མང་ཆེ་བ་གྲྭ་པ་དང་ཨ་ནེ་རེད། ལྷའི་སྐད་ཡིག་འཛིན་གྲྭ་ནི་ལོ་ཆེ་ཆུང་དང་། གནས་སྟངས། རྒྱབ་ལྗོངས་སོགས་གང་ལ་ཡང་མ་བལྟོས་པར་བོད་རིགས་སྐྱབས་བཅོལ་བ་རྣམས་དང་། རྒྱ་གར་གྱི་ཡུལ་མི། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་སྒོ་ཕྱེས་ནས་ཡོད། འདི་ལོར་སློབ་མ་ ༦༥༠ ཙམ་གྱིས་སྐད་ཡིག་འཛིན་གྲྭར་གསར་དུ་ཐོ་འགོད་བྱས་ཡོད་པ་དང་། ༡༥༤ ལ་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱས་ཤིང་། ཟླ་རེར་སློབ་མ་ ༡༥༠ དང་ཕྱི་ལོ་ ༢༠༡༧ ལོར་ཁྱོན་སློབ་མ་གྲངས་ ༡༧༤༨ ཙམ་སྐད་ཡིག་འཛིན་གྲྭ་ཁག་ལ་འཛུལ་ཞུགས་གནང་མཁན་བྱུང་ཡོད།
ཀམ་པུ་ཊར་འཛིན་གྲྭ།
ང་ཚོའི་ཀམ་པུ་ཊར་འཛིན་གྲྭ་ནི་ཚོགས་པ་གསར་འཛུགས་སྐབས་ཀྱི་ལས་གཞི་ཞིག་ཡིན་པ་དང་། འཛིན་གྲྭ་འདིར་རྨང་གཞིའི་ཤེས་བྱའི་ངོ་སྤྲོད་དང་། པར་བཟོ་སྒྲིག་བྱེད་སྟངས། དེབ་དང་ཡིག་ཆའི་རིགས་ཀྱི་མཛེས་ཆ་ཇུས་འགོད་སློབ་ཁྲིད་བཅས་རྩ་བའི་སྡེ་ཚན་གཉིས་སུ་ཕྱེས་ཡོད། ད་དུང་ང་ཚོས་ཁྱད་ལས་དང་བླངས་པའི་ཤེས་ཚད་ལ་དཔག་པའི་དམིགས་བསལ་གྱི་སྦྱོང་བརྡར་སོགས་གོ་སྒྲིག་བྱེད་ཀྱི་ཡོད། ལོ་འདིར་ཀམ་པུ་ཊར་འཛིན་གྲྭར་སློབ་མ་གྲངས་ ༥༡ ཙམ་གྱིས་ཆ་ཤས་བླངས་འདུག
གྱོན་གོས་རིན་མེད་སྦྱིན་གཏོང་།
ཚོགས་པས་དྷ་སའི་རོ་ཋ་རེའི་སྐྱིད་སྡུག་ (Dharamshala Rotary Club) དང་མཉམ་ལས་བྱས་པའི་ལོ་ ༡༣ པར་མཛད་སྒོ་ཞིག་གི་ཐོག་དྷ་སའི་རོ་ཋ་རེའི་སྐྱིད་སྡུག་གི་ཚོགས་མི་དང་། ཚོགས་གཙོ་་སོགས་དང་། ལྷའི་འགན་འཛིན་ངག་དབང་རབ་རྒྱས་བཅས་མཉམ་ཞུགས་བྱས་པ་རེད། ལོ་དེ་དག་གི་ནང་དྷ་ཤོད་དབུལ་གྲོང་ཁུལ་དུ་མི་ཚང་ ༣༠ ལྷག་ལ་གྱོན་པ་སྣ་ཁ་ ༣༠༠༠ ལྷག་གནང་སྦྱིན་བྱས་འདུག དེ་བཞིན་དྷ་སའི་རོ་ཋ་རེའི་སྐྱིད་སྡུག་གིས་ཟླ་རེ་བཞིན་དྷ་སོད་དབུལ་གྲོང་ཁུལ་དུ་གནས་སྡོད་དགོས་མཁོ་ཅན་རྣམས་ལ་གྱོན་ཆས་རིན་མེད་འབུལ་གྱི་ཡོད།
སོ་དང་མིག་བརྟགས་དཔྱད་ཀྱི་ལས་འཆར།
སྤྱི་ལོ་ ༢༠༡༧ ལོར་ང་ཚོའི་སོ་དང་མིག་གཙང་བཟོའི་ལས་འཆར་གྱིས་གྲྭ་པ་དང་བཙུན་མ་ ༣༦༥ ལ་ཁེ་ཕན་ཐོབ་པ་རེད། འདི་ལོའི་ལས་འཆར་ནི་སྦིར་རྙིང་མ་དགོན་པ་དང་། དྷ་སའི་ཤུག་གསེབ་བཙུན་དགོན་གཉིས་སུ་ལག་བསྟར་བྱས་པ་དང་། དེ་ཡང་འདི་ལོར་ཊུ་ལན་གཙུག་ལག་སློབ་གྲྭའི་སློབ་མ་རྣམས་བོད་པ་སྐྱབས་བཅོལ་བའི་སྤྱི་ཚོགས་སུ་སྨན་གྱི་རོགས་རམ་བྱ་ཕྱིར་ཨ་རི་ནས་ལོ་ལྟར་ཡོང་སྟེ་ང་ཚོའི་ཚོགས་པ་མཉམ་ལས་བྱེད་ཀྱི་ཡོད་ཅིང་། འདི་ལོར་སྨན་གྱི་སློབ་མ་རྣམས་ཀྱིས་གོང་གསལ་ཚོགས་སྡེ་དེ་གཉིས་ལ་སྐོར་སྐྱོད་ཀྱིས་མིག་དང་སོ་ལ་བརྟགས་དཔྱད་བྱས་པ་དང་། བརྟགས་དཔྱད་གང་ཞིག་བྱེད་དགོས་པ་ཆ་ཚང་བར་བྱས་ཤིང་། ནད་པ་ ༣༦༥ ནས་ ༢༠༥ ལ་སོ་སྨན་དང་། སོ་རྒྱོང་བ། སོ་ཤུན་གཡོགས་པ། གཙང་མར་བཟོ་བ་སོགས་བྱེད་དགོས་པ་དག་ལ་གང་ལེགས་བྱས་ཤིང་། ནད་པ་ ༡༤༢ ལ་མིག་བརྟགས་དཔྱད་དང་། དེ་དག་ལས་ ༩༥ ལ་རིན་མེད་མིག་ཤེལ་ཕུལ་ཡོད་ལ། ༧༡ ལ་གང་དགོས་པའི་སྨན་རྣམས་རིན་མེད་ཕུལ་ཡོད།
སྨན་སློབ་སྡེ་ཚན་དེས་མེག་ལོར་ས་གནས་ཀྱི་སོའི་སྨན་ཁང་ (Perfect 32) གི་སྨན་པ་སྐུ་སྐྱེ་མ་ནཱ་ཐ་ཤཱ་ (Ms. Natasha) དང་། དྷ་ཤོད་རྫོ་ནོར་སྨན་ཁང་ཉེ་འགྲམ་གྱི་ (Optical eye glass centre) ཞེས་པའི་མིག་ཤེལ་བཟོ་སྒྲིག་ཁང་གི་སྨན་པ་ཏཱ་ནུ་ (Tanu) རཱོ་ཋ་རེའི་ Rotary Eye Hospital Pragpur, Bhajnath དང་། Verma Eye Care and Optical Clinic. སོགས་དང་མཉམ་ལས་བྱས་པ་རེད། ལྷའི་མིག་བརྟགས་དཔྱད་ལས་གཞི་ནི་ཕྱི་ལོ་ ༢༠༠༩ ལོར་འགོ་འཛུགས་བྱས་པ་དང་། སོ་ལྟ་སྐྱོང་གི་ལས་གཞི་ནི་ཕྱི་ལོ་ ༢༠༡༡ ལོར་འགོ་འཛུགས་བྱས་པ་ཞིག་རེད།
འབྲེལ་གཏུག་དུས་དེབ།
འབྲེལ་གཏུག་དུས་དེབ་ནི་ཟླ་རེ་བཞིན་ལྷས་པར་སྐྲུན་ཀྱིས་དྲ་ཐོག་དང་དུས་དེབ་རང་གི་ཐོག་ནས་ཡོངས་ཁྱབ་དང་རིན་མེད་འགྲེམ་སྤེལ་བྱེད་ཀྱི་ཡོད། འདི་ལོར་ང་ཚོས་དུས་དེབ་ཁྱོན་ ༡༠༢༣༠ ཙམ་པར་སྐྲུན་དང་། ལྷའི་ལས་བྱེད་དང་། ས་ཕྱོགས་འདྲ་མིན་ནས་ཕེབས་པའི་དང་བླངས་པ་སུམ་ཅུ་ཙམ་གྱིས་བྲིས་པའི་བོད་དོན་དང་འབྲེལ་ཡོད་གསར་འགྱུར་ ༡༦༠ ཙམ་འགོད་སྤེལ་ཞུས་ཡོད། དུས་དེབ་འདི་གཞུང་གི་ལས་ཁུངས་དང་ཚོགས་སྡེ་སྒྲིག་འཛུགས། སྒེར་བ་དང་། རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག། རྒྱ་གར་ནང་གི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་སོགས་ཐག་རིང་སར་སྦྲག་ཐོག་དང་། ཉེ་སར་སྐྱེལ་མཁན་མངགས་གཏོང་གིས་ཤུགས་ཆེན་འགྲེམས་སྤེལ་བྱེད་ཀྱི་ཡོད། ལོ་ལྟར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དྭང་བླངས་པ་ ༢༠ ནས་ ༤༠ ལྷག་དང་། ཚོགས་པའི་ལས་བྱེད་སོགས་ཀྱིས་བོད་དོན་དང་འབྲེལ་བའི་དམིགས་བསལ་གསར་འགྱུར་དང་རྩོམ་ཡིག་སོགས་འགོད་སྤེལ་བྱེད་ཀྱི་ཡོད།
དུས་དེབ་འདི་དཔར་སྐྲུན་བྱས་པ་ཙམ་མ་ཡིན་པར་དྲ་གནས་ཐོག་ཏུ་གནས་ཚུལ་དུས་ཐོག་འགོད་སྤེལ་བྱེད་བཞིན་ཡོད་པ་རེད། འབྲེལ་གཏུག་དུས་དེབ་ནི་སྐད་སྒྲ་མེད་མཁན་རྣམས་ཀྱི་ཆེད་དུ་བསྒྲགས་པའི་སྐད་སྒྲ་ཞིག་དང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་སོགས་ཀྱིས་མཚོན་པའི་རྒྱ་མིའི་མནར་གཅོད་འོག་དཀའ་ངལ་མྱོང་བཞིན་པའི་གནས་ཚུལ་དང་འབྲེལ་བའི་གསར་འགྱུར་ལ་དམིགས་སུ་འཛིན་གྱི་ཡོད། ད་དུང་འབྲེལ་གཏུག་དུས་དེབ་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ། བཙན་བྱོལ་བོད་མིའི་གནད་སྟངས། བོད་ནང་གི་ཁོར་ཡུག་སྐོར་གྱི་གནས་ཚུལ་སོགས་ཀྱང་འགོད་ཀྱི་ཡོད།
གསར་གནས་ཀྱི་རིགས་ཕུད་པའི་ཟླ་རེའི་འབྲེལ་གཏུག་དུས་དེབ་ཀྱི་དྷ་སའི་འབོད་སྒྲའི་སྡེ་ཚན་ནང་སྐྱེ་བོ་སུ་རུང་ཞིག་གི་ལོ་རྒྱུས་འགོད་ཀྱི་ཡོད་ཅིང་། འདི་ལོར་ང་ཚོས་བཙན་བྱོལ་ནང་གི་སྐྱབས་བཅོལ་བོད་མིའི་གནས་བབ་མཚོན་པའི་མི་མི་འདྲ་བ་ ༡༡ གི་ལོ་རྒྱུས་བཀོད་ཡོད། ཕྱི་ལོ་ ༢༠༡༧ ལོར་འབྲེལ་གཏུག་དུས་དེབ་པར་སྐྲུན་བྱས་ནས་ལོ་ ༢༠ འཁོར་བའི་དུས་ཆེན་སྲུང་རྩི་ཡང་བྱས་པ་རེད།
འཐུང་ཆུ་གཙང་མའི་ལས་འཆར་དང་། ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༥ པ་གསར་འཛུགས་བྱས།
འཐུང་ཆུ་གཙང་མའི་ལས་གཞིའི་འོག་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༥ པ་གསར་འཛུགས་བྱས་པ་དང་། འདིས་གཞིས་ཆགས་དེའི་གྲོང་མི་ ༢༢༩ ལ་འཐུང་ཆུ་གཙང་མ་མཁོ་སྤྲོད་བྱེད་ཀྱི་ཡོད། ཆུ་ཚགས་ཐེངས་ ༢༥ པ་འདི་ “ཨིན་ཡུལ་བོད་ཀྱི་ངལ་སེལ་བདེ་རྩ་” (The Tibet Relief Fund UK) ནས་གཏོང་ཕོད་ཆེན་པོས་སྦྱིན་བདག་གནང་བ་རེད།
ད་དུང་འཐུང་ཆུ་གཙང་མའི་ལས་གཞི་ཕྱི་ལོ་ ༢༠༡༠ ལོ་ནས་འགོ་འཛུགས་ཀྱིས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་རྣམས་ལ་འདི་ལོར་བསྐྱར་བཟོ་བྱས་ཡོད། ང་ཚོས་ཆུ་ཚགས་འཕྲུལ་ཆས་ནི་གང་དུ་ཆུ་མི་གཙང་བའི་ནད་ཡོད་ས་དང་། གང་དུ་མི་ཚང་མས་འཐུང་ཆུ་གཙང་མ་རག་གི་མེད་ས་དང་། སྨན་ཁང་དང་། དགོན་པ། བཙུན་དགོན། སློབ་གྲྭ། ཚོགས་པ་སོགས་གང་དུ་མི་གྲངས་མང་པོར་ཁེ་ཕན་འཐོབ་སར་གསར་འཛུགས་བྱེད་ཀྱི་ཡོད། འཐུང་ཆུ་གཙང་མའི་ལས་གཞི་འདི་བརྒྱུད་མི་ ༡༦‚༢༠༠ ལས་བརྒལ་བར་ཁེ་ཕབ་འཐོབ་ཀྱི་ཡོད།
ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ།
འདི་ལོར་ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ལས་རིན་མེད་ཞལ་ལག་མཆོད་མཁན་མི་གྲངས་ ༤༣ ཡིས་གསར་དུ་ཐོ་འགོད་བྱས་པ་དང་། ང་ཚོའི་ལས་འཆར་ཚང་མའི་ནང་ནས་སྤྱི་ཐབ་གཅིག་པུ་བོད་རིགས་སྐྱབས་བཅོལ་བ་ཁོ་ནའི་ཆེད་དུ་ཡིན། ང་ཚོས་སྤྱི་ཐབ་འདི་བརྒྱུད་ནས་དྷ་སའི་བོད་མི་དཔལ་འབྱོར་དང་འཕྲོས་བསྟེན་གྱི་དཀའ་ངལ་ཡོད་མཁན་ཚོར་བཅུད་ལྡན་ཞལ་ལག་འབུལ་གྱི་ཡོད། སྒོར་སྤྲོད་མི་དགོས་པར་ཞལ་ལག་མཆོད་མཁན་ཚང་མར་རིན་མེད་ཡིན། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ང་ཚོའི་སྤྱི་ཐབ་ཀྱིས་ཁྱོན་བསྡོམས་མི་ ༤༥༡ ལ་རོགས་རམ་བྱས་ཡོད། འདི་ནས་ཞལ་ལག་མཆོད་མཁན་ཚོའི་བདེ་ཐང་ནི་ང་ཚོའི་རྩ་དོན་ཡིན་སྟབས་ཞལ་ལག་དང་མཉམ་དུ་ཤིང་ཏོག་ཡང་འབུལ་གྱི་ཡོད་ལ། ཚལ་འཁྲུད་བྱེད་ཀྱི་ཆུ་ཚུན་ཆད་ཅུ་ཚགས་འཕྲུལ་ཆས་ཀྱིས་གཙང་བཟོ་བྱས་པའི་ཆུ་ཤ་སྟག་ཡིན།
ལས་བྱེད་པའི་ཉམས་མྱོང་གསོག་པ་དང་ཡར་རྒྱས་ཆེད་རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས།
འདི་ལོར་ལྷའི་ལས་བྱེད་ཀྱི་ཡར་རྒྱས་ཀྱི་ཆ་ཤས་དང་། རྒྱལ་སྤྱིའི་འབྲེལ་ལམ་ཡར་རྒྱས་སླད་ང་ཚོའི་ལས་བྱེད་གཉིས་ཐའེ་ཝན་དུ་ཚོགས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་ “Sharing Civic Experience” ཞེར་པར་མཉམ་ཞུགས་བྱས་པ་དང་། དེར་རྒྱལ་ཁབ་ ༡༠ ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ ༣༥ ཡི་སྐུ་ཚབ་ཕེབས་ཡོད་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གནས་དོན་སྐོར་གྲོས་བསྡུར་གནང་ཡོད་པ་རེད། ལྷའི་སྤྱི་ཁྱབ་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་དང་། འབྲེལ་གཏུག་དུས་དེབ་ཀྱི་རྩོམ་སྒྲིག་པ་བསྟན་འཛིན་བསམ་ཏན་གཉིས་ཐའེ་ཝན་དུ་ “National Chiao Tung University” དང་། ནིའུ་ཟཱི་ལན་ཌིའི་གོ་ལའི་སློབ་གཉེར་བསྟི་གནས། (New Zealand Centre for Global Studies) མཱལ་ཐ་རུ་ཡོད་པའི་ཕཱལ་ལ་ཚོགས་པ་ “Paulo Freire Institute in Malta” སོགས་སུ་རྒྱལ་སྤྱིའི་སློབ་གསོའི་བསྟི་གནས་ “Global Education Centre” ཞེས་པས་གོ་སྒྲིག་བྱས་པའི། ཕྱི་ཚེས་ ༢༢ ནས་ ༢༥ བར་གྱི་ཉིན་བཞིའི་ཟབ་སྦྱོང་དེར་མཉམ་ཞུགས་བྱས་ཤིང་། ཚེས་ ༢༥ ཉིན་རྗོ་རྗེ་སྐྱིད་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་སྐོར་དང་། བོད་ནང་དང་རྒྱ་གར་དུ་ཡོད་པའི་བོད་པའི་ད་ལྟའི་གནས་སྟངས། ལྷའི་དམིགས་ཡུལ་དང་། བསྒྲུབ་བྱ། ལས་འཆར་སོགས་ཀྱི་སྐོར་ལ་ངོ་སྤྲོད་རགས་རིམ་ཞིག་གནང་བ་རེད།
དང་བླངས་པའི་གོ་སྐབས།
ལྷ་ནི་རྒྱ་གར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དང་བླངས་པར་སྣེ་ལེན་བྱེད་མཁན་ཚོགས་པ་ཆེ་ཤོས་དེ་ཡིན། ལག་རྩལ་ཡོད་མེད་གཉིས་ཀ་ལ་ལྷ་རུ་དང་བླངས་ཀྱི་གོ་སྐབས་ཧ་ཅང་མང་། དང་བླངས་པ་མང་ཆེ་བ་ཐད་ཀར་ལྷ་རུ་ལས་ཀ་བྱེད་ཀྱི་ཡོད་ཅིང་། ཁ་ཤས་ཚོགས་པ་གཞན་ལ་གཏོང་གི་ཡོད། ཕྱི་ལོ་ ༢༠༡༧ ལོར་དྲ་ཐོག་ནས་ཐོ་འགོད་བྱས་པ་དང་། འདིར་སླེབས་ནས་ལྷ་རུ་ཕེབས་པ་སོོགས་བསྡོམས་པའི་ལྷ་རུ་དང་བླངས་བྱེད་མཁན་ ༤༣༡ བྱུང་སོང་། དང་བླངས་པ་རྣམས་སོ་སོའི་མོས་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ་གོ་སྒྲིག་བྱེད་ཀྱི་ཡོད། ཁོང་ཚོས་ལྷའི་ལས་འཆར་གྱི་ཆ་ཤས་ཆེ་ཆུང་གང་ཞིག་བླངས་ཡང་ང་ཚོས་གོ་སྐབས་སྤྲོད་ཀྱི་ཡོད།
ཁོང་ཚོ་མང་ཆེ་བས་ལྷའི་སྐད་ཡིག་འཛིན་གྲྭར་སློབ་ཁྲིད་བྱེད་པ་དང་། ལྷའི་སློབ་མ་རྣམས་ཀྱི་ཨིན་ཡིག་ཉན་རྩལ་དང་། འཆད་རྩལ་སོགས་ཡར་རྒྱས་ཡོང་སླད་ཉི་རེ་བཞིན་ཆུ་ཚོད་རེེ་འཚོག་བཞིན་པའི་གླེང་མོལ་འཛིན་གྲྭར་སློོབ་ཕྲུག་རྣམས་ལ་རོགས་བྱེད་ཀྱི་རེད། འདིར་དང་བླངས་པ་རྣམས་ལ་བོད་པ་སྐྱབས་བཅོལ་བ་རྣམས་ཀྱི་ས་ནས་ཁོང་ཚོའི་ལོ་རྒྱུས་དང་། ཡུལ་སྲོལ་སོགས་ལ་སྦྱོང་ཞོར་དུ་རང་ཉིད་ཀྱི་ལོ་རྒྱུས་དང་བསམ་ཚུལ་འཆད་པའི་གོ་སྐབས་ཀྱང་ཡོ་ལ། ལྷའི་སློབ་མ་རྣམས་ལ་ཡང་ཡུལ་སྲོལ་མ་འདྲ་མ་སློབ་སྦྱོད་བྱེད་པའི་གོ་སྐབས་ཡོད། ལྷའི་ངོས་ནས་དང་བླངས་པ་ཚོར་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ནང་དུ་ལས་ཀ་བྱེད་པའི་ཉམས་མྱོང་གསོག་ཞོར་དུ་རང་ཉིད་ཀྱི་ཤེས་ཡོན་དང་། ལག་རྩལ་སོགས་སྐྱབས་བཅོལ་བོད་རིགས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་། ས་གནས་རྒྱ་གར་ཡུལ་མི་སོགས་ལ་བསླབ་རྒྱུའི་གོ་སྐབས་འབུལ་གྱི་ཡོད།
ཁོར་ཡུག་སྲུང་སྐྱོབ་དང་གོ་རྟོག་ལས་འགུལ།
ལྷའི་ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་ལས་གཞི་ཕྱི་ལོ་ ༢༠༠༨ ལོ་ནས་འགོ་འཛུགས་ཀྱིས་ཁོར་ཡུག་གཙང་བཟོ་དང་། བོད་དང་ཧི་མ་ལ་ཡའི་སྤྱི་ཚོགས་སུ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གོ་རྟོག་དང་སློབ་གསོའི་སླད། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་སྐད་ཡིག་གཉིས་ལྡན་གྱི་བོད་ཡིག་དང་ཨིན་ཡིག་དྲ་བ་ཞིག་གསར་བསྐྲུན་བྱས་ཤིང་། དེའི་ནང་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་སྐོར་གྱི་གསར་གནས་དང་། ཆེད་རྩོམ། ལྷག་པར་དུ་ཚན་རིག་པ་དང་ཁོར་ཡུག་སྲུང་སྐྱོག་ཆེད་ལས་པའི་ཞིབ་འཇུག་རྩོམ་ཡིག་གལ་ཆེན་ཁག་ཨིན་ཡིག་ནང་ཡོད་པའི་མ་རྩོམ་དང་། ལྷ་སྤྱི་ཚོགས་ཞབས་ཁང་ནས་བསྒྱུར་བའི་བོད་འགྱུར་གཉིས་ཀ་འགོད་སྤེལ་བྱེད་མུས་ཡིན།
འདི་ལོར་ང་ཚོས་ཁོར་ཡུག་གཙང་བཟོའི་ལས་འཆར་དེ་ལས་གཞི་ཆ་ཚང་ཞིག་ལ་རྒྱ་སྐྱེད་ཀྱིས་ཟླ་རེའི་ཁོར་ཡུག་གཙང་བཟོ་ཞེས་རེས་གཟའ་སྤེན་པ་གསུམ་པ་ནམ་ཡིན་ལ་དྷ་ས་གཙང་མ་ཉར་ཕྱིར་ལྷའི་ལས་བྱེད་དང་། དང་བླངས་པ། སློབ་མ་སོགས་མཉམ་རུབ་ཀྱིས་འགྲུལ་བཞུད་མང་སའི་ལམ་དང་། རི་ངོས། གླིང་སྐོར་ལམ་སོགས་ནས་གད་སྙིགས་སྡུ་རུབ་བྱས་ཏེ་དྷ་ས་མེག་གྷན་གཡས་ཡོན་གྱི་ཁོར་ཡུག་གཙང་མར་བཟོ་བཞིན་ཡོད། གཙང་བཟོ་བྱེད་ཐེངས་རེར་གང་སྙིགས་སྙིགས་འདྲེན་རླངས་འཁོར་ཆེ་བ་ཞིག་གི་ནང་ཤོང་ཙམ་རེ་ཡོང་གི་འདུག འདི་ལོར་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བར་བོད་ཡིག་ནང་རྩོམ་ཡིག་གྲངས་ ༣༨ དང་། ཨིན་ཡིག་ནང་ ༡༠ འགོད་སྤེལ་བྱས་འདུག
ཡང་ལོ་འདིར་འཛམ་གླིང་ཁོར་ཡུག་ཉིན་མོར་བོད་ཨིན་གཉིས་ནང་ལྷའི་སློབ་ཕྲུག་ཚོར། “མི་རྣམས་རང་བྱུང་ཁམས་དང་བྲེལ་འཐུད་བྱེད་པ།” ཞེས་པའི་བརྗོད་གཞིའི་ཐོག་ཁོར་ཡུག་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་གོ་སྒྲིག་བྱས་ཤིང་། སྐད་ཡིག་གཉིས་རེ་ལ་ཨང་རིམ་གསུམ་རེ་ཡོད་པ་ལས་ཨང་དང་པོ་དང་། གཉིས་པ། གསུམ་པ། གསུམ་ལ་རིམ་པ་བཞིན་གཟེངས་བསྟོད་བྱ་དགའ་ཧིན་སྒོར་ ༡༠༠༠ དང་། ༧༠༠ ༥༠༠ ཕུལ་བ་དང་། སྐབས་དེའི་རྩོམ་ཡིག་ལེགས་གྲས་རྣམས་ཁོར་ཡུག་དྲ་བར་འགོད་སྤེལ་བྱས་པ་རེད།
བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཀྱི་ལས་གཞི།
བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་དང་དར་སྤེལ་ཞེས་པའི་སྡེ་ཚན་ནང་། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་གསར་བཟོས་ཀྱིས། ཡིག་ངག་གཉིས་ཐོག་ཏུ་ཡོད་པའི་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གསུང་བཤད་དང་། གསུང་རྩོམ། སྒྲ་ལྡན་གསུང་བཤད། སྐུ་པར། བརྙན་པར་སོགས་བསྡུ་རུབ་ཀྱིས་གང་ཉིད་ཀྱི་དྲ་ཚིགས་ཐོག་འགོད་སྤེལ་བྱེད་མུས་ཡིན་སྟབས། ལོ་འདི་གཅིག་པུར་རིན་པོ་ཆེའི་གསུང་བཤད་དང་བཀའ་སློབ་བོད་ཡིག་ནང་སྒྲ་ཕབ་བྱས་ཟིན་པ་ཤོག་གྲངས་ ༧༤ དང་། ཨིན་ཡིག་ནང་ ༩༩ བཅས་བྱུང་ཞིང་། བོད་ཡིག་ནང་རིན་པོ་ཆེའི་དྲ་ཐོག་བཀོད་ཟིན་པའི་རྩོམ་ཡིག་ ༢༥ དང་། ཨིན་ཡིག་ནང་། ༡༢ བཅས་བསྡོམས་པའི་རྩོམ་ཡིག་ ༣༧ དང་། སྒྲ་ལྡན་གསུང་བཤད་ ༥༣ ཡུ་ཋུབ་(Youtube) ནང་བརྙན་ ༦༠ འགོད་སྤེལ་བྱས་ཡོད་པ་རེད།
བསྡོམས་པའི་སྒྲ་ལྡན་གསུང་བཤད་ ༩༢༩ འགོད་སྤེལ་བྱས་ཟིན་པ་དང་། བརྙན་ལྡན་གསུང་བཤད་དང་བཀའ་སློབ་ ༡༦༠ ལྷག་ཡུ་ཋུབ་ (Youtube) ནང་འགོད་སྤེལ་བྱས་ཡོད་པ་ལས། ཡུ་ཋུབ་(Youtube) ནང་ཡོད་པའི་བརྙན་ལྡན་གསུང་བཤད་དང་བཀའ་སློབ་ལྟ་མཁན་དེ་རིང་བར་ཧ་ལམ་ ༢༥༢,༥༠༠ ཟིན་གྱི་ཡོད་ཅིང་། སྒྲ་སྤྲིན་ (Sound cloud) ནང་བཅུག་ཡོད་པའི་རིན་པོ་ཆེའི་སྒྲ་ལྡན་གསུང་བཤད་དང་། བཀའ་སློབ་ལ་རྒྱུན་དུ་ཉན་མཁན་ ༢‚༣༠༠, ཙམ་དང་། བསྡོམས་ ༡༡༩༠༢༠ ཡན་ཟིན་འདུག
ད་དུང་བོད་ཡིག་འཛིན་གྲྭ་ཉིན་ལྟར་འཚོགས་བཞིན་པ་དང་། དེར་འབྲི་རྩལ་དང་ཀློག་རྩལ་སྦྱོང་མཁན་ལོ་འདིར་ཆ་སྙོམ་ཉིན་ལྟར་སློབ་མ་ ༡༠ ལྷག་བྱུང་འདུག ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ནང་ལྷས་ཟླ་གསུམ་རིང་གི་བོད་ཡིག་མཐོ་རིམ་འཛིན་གྲྭ་ཞིག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ལས་ཀ་བྱེད་བཞིན་པའི་བོད་རིགས་དག་ལ་དམིགས་ནས་གོ་སྒྲིག་བྱས་ཤིང་། འཛིན་གྲྭ་དེ་ལས་ཁུངས་ཀྱི་རྗེས་སུ་ཡིན་མིན་ལ་མ་བལྟོས་པར་མི་ ༣༨ ཙམ་གྱིས་ཐོ་འགོད་གནང་བ་དང་། མང་ཆེ་བ་འཛིན་གྲྭར་ཕེབས་སོང་། དེར་མ་ཟད་ལྷའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞིའི་ཆ་ཤས་སུ་བོད་ཀྱི་སྐད་ཡིག་གི་འདྲ་ཚིགས་ཀྱང་ཁ་ཤས་ཡོད་པ་རེད།
ཕྱི་ལོ་ ༢༠༡༧ ལོའི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ།
མི་ས་ཡ་ ༣༦‚༧ ལྷག་ལ་འགོས་ཟིན་པའི་རིམས་ནད་འདིའི་སྐོར་ལ་སློབ་གསོ་གཏང་ཕྱིར་། ལྷས་ཕྱི་ཟླ་ ༡༢ ཚེས་ ༡ འཛམ་གླིང་གཉན་ནད་རེག་དུག་ཉིན་མོར་གོ་རྟོག་ལས་འགུལ་ཞིག་ སྤེལ་བ་རེད། མེག་ལོག་གྱི་སྲང་ལམ་ནས་སྐྱོད་སྐབས་སྲུང་ཤུབ་དང་། དྲིལ་བསྒྲགས་ཡིག་ཆ་ ༡༠༠༠ ལྷག་ཙམ་མི་མང་ལ་རིན་མེད་འགྲེམས་སྤེལ་ཞུས། ལས་འགུལ་དེ་ནི་མེག་གྷན་གྱི་བཞི་མདོ་གཙོ་བོར་འཚོགས་པ་དང་། དང་བླངས་པ་དང་། ས་གནས་ཡུལ་མི། ཡུལ་སྐོར་བ་སོགས་ཧ་ཅང་མང་པོ་ཕེབས་ནས་ཆ་ཤས་བླངས་སོང་།
ལྷས་རེག་དུག་ན་ཚས་རྐྱེན་འདས་སུ་སོང་བ་རྣམས་ལ་དྲན་གསོ་དང་། ནད་འདིས་མནར་བཞིན་པ་རྣམས་ལ་རྒྱབ་སྐྱོར་གྱི་ལས་འགུལ་དུ་ལོ་ལྟར་གཉན་ནད་རེག་དུག་ཉིན་མོ་སྲུང་རྩི་བྱེད་ཀྱི་ཡོད། ལྷ་ནི་ན་ཚའི་འགོས་ཁྱབ་སྔོན་འགོག་དང་། རེག་དུག་མེད་པའི་མི་རབས་གསར་པ་ཞིག་བཟོ་བར་མཉམ་རུབ་འབད་བརྩོན་བྱེད་མཁན་གྱི་ཆ་ཤས་ཤིག་ཀྱང་ཡིན། འདི་ལོའི་གཉན་ནད་རེག་དུག་ཉིན་མོའི་འབོད་ཚིག་ནི་བདེ་ཐང་དུ་གནས་རྒྱུ་ནི་ཐོབ་ཐང་ཡིན་ “Right to Health.” ཞེས་པ་དེ་རེད།
རིག་གཞུང་བརྗེ་རེས་ཀྱི་ལས་གཞི།
ལྷས་ཕྱི་ལོ་ ༢༠༡༧ ནང་རིག་གཞུང་བརྗེ་རེས་གནང་མཁན་སྡེ་ཁག་ ༡༤ ལ་སྣེ་ལེན་བྱས་པ་ཡིན། དེ་དག་ནི་གཅོས་མིན་གྱི་ལམ་ (Rustic Pathways) ནས་སྡེ་ཁག་དྲུག གྷོ་བྷེ་ཡོན་ཌ་ (GoBeyond) ནས་གཅིག ཐུ་ལཱན་གཙུག་ལག་སློབ་གྲྭ་ (Tulane University) ནས་གཉིས། ལཱོ་ཡོ་ལཱ་ (Loyola) ནས་གཅིག ཨ་རི་ (United States) ནས་ཆེད་ལས་པ་དང་། སྨན་དཔྱད་ལག་ལེན་པ། འགྲུལ་ཁང་བདག་གཅེས་ (hospic caregiver) པ་སོགས་སྡེ་ཁག་ལྔ་བཅས་རེད། ལོ་འདིར་ཕྱི་རྒྱལ་བའི་སློབ་མ་དང་། ཆེད་ལས་པ་ ༡༧༠ ཙམ་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིར་ཆ་ཤས་བླངས་པ་རེད། ད་དུང་ང་ཚོས་ཨོ་སི་ཁྲོ་ལི་ཡ་བོད་དོན་ལས་འགུལ་ (Australia Tibetan council) ནས་ཡིན་པའི་སྐོར་སྐྱོད་རུ་ཁག་ཅིག ཁ་ན་ཌའི་ (Groundswell) ནས་གཅིག སིངྒ་ཕོར་ནས་ཡིན་པའི་གཙུག་ལག་སློབ་གྲྭའི་སློབ་མ་འགའ་བཅས་ཡུལ་དེ་དག་ནས་སྡེ་ཁག་རེ་རེ་ལ་ཡང་སྣེ་ལེན་ཞུས་པ་ཡིན།
དྲན་ཤེས་ལྡན་པའི་སྨན་གྱི་ཚོགས་ཆེན་ཐེངས་གཉིས་པ།
ཕྱི་ཟླ་བཅུ་པའི་ཚེས་ ༢༩ ནས་ཚེས་ ༣༡ བར་ལྷ་ཚོགས་པས་བདེ་ལེགས་སྨན་ཁང་དང་། སྨན་རྩིས་ཁང་། ཨོར་ལན་གསར་པའི་ཨོ་ཁཱ་སི་ནར (Ochsner) གསོ་རིག་བསྟི་གནས་ཁང་། ལུ་སཱི་ཡ་ནའི་དང་མི་སི་སི་པེ་འཕྲོད་བསྟེན་སྒྲིག་འཛུགས་ (Mississippi Hospice and Palliative Care Organisation) ལུ་སི་ཡ་ན་ཧི་མ་ལ་ཡའི་ཚོགས་པ་སོགས་དང་མཉམ་དུ་དྲན་ཤེས་ལྡན་པའི་སྨན་གྱི་ཚོགས་ཆེན་གཉིས་པ་དེ་གོ་སྒྲིག་བྱས་པ་རེད།
ཚོགས་ཆེན་དེའི་བརྗོད་གཞི་གཙོ་བོ་ནི་ལུས་སེམས་ཀྱི་འབྲེལ་བ་ “Mind Body Connection.” ཞེས་པ་དེ་ཡིན་ཞིང་། ཚོགས་ཞུགས་པ་རྣམས་ཀྱིས་སྙིང་རྗེ་དང་། སྒོམ། དྲན་ཤེས་བརྟན་གསལ་སོགས་ཀྱི་སྐོར་བགྲོ་གླེང་གནང་སོང་བ་དང་། ཚོགས་ཞུགས་པ་བཅོ་ལྔ་ཙམ་ཡོད་པ་ནི་ཨ་རི་ནས་སྨན་པ་ ༨ དང་། སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་སོགས་ནས་ཕེབས་པའི་སྨན་པ་དང་སྨན་ཞབས་པ་སོགས་ཡིན། ང་ཚོའི་རེ་བར་ཚོགས་ཆེན་འདི་བཞིན་ལོ་ལྟར་ཕྱི་ཟླ་ ༡༠ པར་ཚོགས་ཐུབ་ན་སེམས་བཞིན་ཡོད།
ཤེས་ཡོན་དང་འབྲེལ་བའི་གསུང་བཤད་གོ་སྒྲིག
འདི་ལོར་ང་ཚོས་ལྷའི་སློབ་ཕྲུག་རྣམས་དང་། དང་བླངས་པ། ཕྱི་རྒྱལ་ནས་ཕེབས་པའི་རིག་གཞུང་བརྗེ་རེས་གནང་མཁན་གྱི་ཚན་པ་ཁག་བཅས་ལ་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་འགའ་ཞིག་གོ་སྒྲིག་ཞུས་ཡོད། དེ་ཡང་གྲགས་ཅན་གྱི་གསུང་བཤད་མཁན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་འདས་ལོའི་ནང་ལམ་སྟོན་བཀའ་སློབ་ཐེངས་གཉིས་གནང་བ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཀྱང་བཀའ་སློན་ཐེངས་གཉིས། བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་སློབ་མའི་ཚན་པ་ཞིག་ལ་གསུང་བཤད་ཐེངས་གཅིག་བཅས་གནང་བ་རེད།
སྐབས་དེའི་བརྗོད་གཞི་ཁག་ནི་ནང་པའི་ལྟ་གྲུབ་དང་དྲན་ཤེས། བོད་པའི་བྱུང་རབས་དང་། རིག་གཞུང་། ད་ལྟའི་གནས་སྟངས་སོགས་རེད། རྒྱ་གར་གྱི་རྗིའི་ཨིའི་ཨོའོ་ཧ་ཝར་ཌི་ (GEO Hazard of India) ནས་ཡིན་པའི་སྐུ་ཞབས་བསྟན་འཛིན་དཀོན་མཆོག་ལགས་ཀྱིས་རྐྱེན་ངན་གོད་ཆག་གི་གྲ་སྒྲིག་ལས་གཞི་ “Disaster Preparedness Program.” ཞེས་པའི་བརྗོད་གཞིའི་ཐོག་ལྷའི་སློབ་མ་རྣམས་ལ་གསུང་བཤད་གནང་བ་རེད། དྷ་རམ་ས་ལ་ནི་རྒྱ་གར་གྱི་ས་འགུལ་ཉེན་ཁའི་ས་ཁྲ་ “earthquake hazard map of Indin.” ནང་ཧ་ཅང་ཉེན་ཁ་ཆེ་བའི་ས་ཁུལ་ཝིའི་ (V) ཞེས་པའི་ནང་ཡོད་པ་ཡིན་སྟབས་གལ་ཆེན་དུ་མཐོང་བས་ཡིན།
ལྷ་ལོ་ཉི་ཤུ་འཁོར་བའི་དུན་ཆེན་སྲུང་བརྩི།
ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་བོད་པའི་སྤྱི་ཚོགས་དང་། ས་གནས་རྒྱ་གར་ཡུལ་མི། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ལ་སྤྱི་ཚོགས་ཞབས་ཞུ་བསྒྲུབས་ནས་ལོ་ངོ་ཉི་ཤུ་ཧྲིལ་པོར་འཁོར་བའི་དུས་སྟོན་སྲུང་རྩི་བྱས་ཤིང་། སྐབས་དེའི་དུས་སྟོན་སྲུང་རྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོ་ནམ་བསྟན་འཕེལ་གྱིས་སྣང་གསལ་ཞལ་དབྱེ་གནང་སྟེ་དབུ་འཛུགས་གནང་བ་དང་། དེ་ནས་ལྷའི་ལོ་ངོ་ཉི་ཤུའི་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་ཀྱི་གྲུབ་འབྲས་སྙན་ཐོ་ཞེས་པ་བོད་ཨིན་གཉིས་ནང་ཡོད་པའི་དུས་དེབ་དབུ་འབྱེད་གནང་ཞིང་། དེབ་དེ་དག་ལྷའི་ལས་བྱེད་ནས་དེར་ཕེབས་པའི་མི་མང་རྣམས་ལ་འགྲེམས་སྤེལ་དང་། ལྷའི་ལས་བསྡོམས་སྙན་ཐོ་མདོར་བསྡུས་བརྙན་འཕྲིན་ནང་ནས་མི་མང་ལ་བསྟན་པ་རེད། མཛད་སྒོ་དེར་དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་སྐུ་ངོ་ངག་དབང་རབ་རྒྱས་མཆོག་དང་། ས་གནས་དང་རྒྱལ་སྤྱིའི་བོད་དང་རྒྱ་གར་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལྷའི་སློབ་མ། དང་བླངས་པ། ལྷའི་ལས་བྱེད་ཟུར་པ་སོགས་ཀྱིས་བོད་ཀྱི་ཟློས་གལ་ཁང་གི་ཚོགས་ཁང་ཡོངས་སུ་གང་འདུག
དེ་ནས་ལྷའི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་ཚོགས་པའི་ལས་དོན་ཁག་དང་། ལས་དོན་ལེགས་གྲུབས་བྱུང་བ་རྣམས་ངོ་སྤྲོད་མདོར་བསྡུས་གནང་བ་དང་། ཚོགས་པའི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་ཀྱིས་ཚོགས་པའི་ལས་བསྡོམས་སྙན་ཐོ་ཨིན་ཡིག་ནང་སྒྲོག་སྦྱང་ཞུས་པ་དང་། སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་འབྲུག་བསྟན་སྐྱིད་ལགས་ཀྱིས་༧གོང་ས་མཆོག་གིས་ཚོགས་པའི་མཛད་སྒོར་གནང་བའི་དམིགས་བསལ་གསུང་འཕྲིན་ཨིན་ཡིག་ནང་སྙན་སྒྲོན་ཞུས། མཇུག་ཏུ་སྐུ་མགྲོན་གཙོ་བོས་གསུང་བཤད་གནང་བ་དང་། ལྷ་གསར་འཛུགས་མཁན་དང་། དུས་ཡུན་རིང་པོར་ཞབས་ཞུ་གནང་མཁན་གྱི་ལས་བྱེད་སོགས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་སོགས་མཛད་སྒོ་ལེགས་པར་གྲུབ་པ་རེད།
ཚོགས་པའི་དངུལ་རྩིས།
ཕྱི་ལོ་ ༢༠༧ དང་ ༢༠༡༨ ལོའི་ལྷའི་ལོ་འཁོར་དངུལ་རྩིས་རྒྱ་གར་གཞུང་གི་དཔྱ་ཁྲལ་གྱི་ཁྲིམས་ཡིག་ Tax Act 1961, Govt ཡི་དོན་ཚན་ 12A (b) ཡི་རྩིས་ཞིན་སྙན་ཐོ་ལྟར་ན་འདི་ལོར་ཡོང་འབབ་ཁྱཔན་ཧིན་སྒོར་ 6,716,762 (ཨ་སྒོར།US $103,300) དང་། འགྲོ་གྲོན་ཁྱོན་ཧིན་སྒོར་ 72,100,035.48 (ཨ་སྒོརUS $1,109,200) ཕྱིན་ཡོད་པ་དང་། དེའི་ནང་འཛིན་སྐྱོང་ཆེད་འགྲོ་གྲོན་ཧིན་སྒོར་ 27,80,640.45 (ཨ་སྒོར། US $42,780) དང་། ལས་འཆར་ཁག་ལ་ཧིན་སྒོར་ 3,129,996.36 (ཨ་སྒོར། US $48,150)བཅས་ཚུད་ཡོད།
ཞལ་འདེབས།
རིག་གཞུང་བརྗེ་རེས་དང་། སློབ་མའི་ཚན་པ་ཁག དང་བླངས་པ་སོགས་ལ་ཞི་བའི་ཚལ་དུ་སྡོད་ས་སྤྲད་པ་སོགས་ཀྱིས་རྩིས་འཕྲུལ་དང་། སྐད་ཡིག་འཛིན་གྲྭ་ཚུད་པའི་ཉིན་རེའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ཚགས་ཚུད་དོན་འཁྱོལ་ཡོང་བར་འདང་ངེས་ཀྱི་ཡོང་འབབ་བསགས་ཐུབ་པ་བྱུང་ཡོད་ཀྱང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཞབས་ཞུ་ཁག་དང་། ལྷའི་དམིགས་བསལ་ཞབས་ཞུ་སྤྱི་ཐབས་དང་། འབྲེལ་གཏུགས་དུས་དེབ། འཐུང་ཆུ་གཙང་བཟོ། སོ་མིག་གཙང་བཟོ་དང་བདག་སྐྱོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི། གཉན་ནད་རེག་དུག་སྐོར་གོ་རྟོག་ལས་འགུལ་སོགས་ཀྱི་ལས་དོན་བསྒྲུབ་པར་གཏོང་ཕོད་ཆེ་བའི་སྦྱིན་བདག་རྣམས་ཀྱི་རོགས་སྐྱོར་ནི་མེད་ཐབས་མེད་པ་ཆགས་ཡོད།
བཀའ་དྲིན་ཆེ།
ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་། འདི་ནས་ཁེ་ཕན་འཐོབ་མཁན་ཡོངས་ཀྱི་ཚབས་ཞུས་ཏེ་གཏོང་ཕོད་ཆེན་པོས་ང་ཚོར་མཐུན་སྦྱོར་རོགས་རམ་གནང་མཁན་ཚང་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ཀྱི་རྒྱབ་སྐྱོར་མེད་ན་ང་ཚོའི་ཉིན་རེའི་ལས་དོན་ཁག་ལམ་ལྷོང་ཡོང་ཐུབ་རྒྱུ་རྩ་བས་མེད་པ་རེད། ལཱུ་སི་ཡ་ན་ཧི་མ་ལ་ཡའི་ཚོགས་པ་ (Louisiana Himalaya Association) དང་། ཐུ་ལཱན་གཙུག་ལག་སློབ་གྲྭ་ (Tulane University) བོད་ཀྱི་བདེ་རྩ། (The Tibet Fund) ཐཱའེ་ཝན་མང་གཙོའི་ཐེབས་རྩ་ (Taiwan Foundation for Democracy) ཨིན་ཇིའི་བོད་ཀྱི་བོད་ཀྱི་ངལ་སེལ་བདེ་རྩ་ (Tibet Relief Fund UK) བོད་ཧྤི་རན་ཌི་སུ་སི་(Tibet Freunde Swiss) གྷོ་བྷི་ཡིན་ཌི་ (GoBeyond) རཱ་སི་ཋིག་ཕ་ཐི་ཝེ་ (Rustic Pathways) ལཱོ་ཡ་ལ་གཙུག་ལགས་སློབ་གྲྭ་ (Loyola University) ལཱུ་སི་ཡ་ན་མཱི་སི་སི་ཕེ་ཧོ་སི་ཕིག་ (Louisiana Mississippi Hospice) དང་། གཟེར་འཇོམ་ལྟ་སྐྱོང་སྒྲིག་འཛུགས་ (Palliative Care Organization) སོགས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ།
མདུན་གྱི་ལོ་ཟླ།
ལོ་ལྟར་ང་ཚོའི་ལས་གཞི་དང་ལས་འཆར་ཁག་ཚང་མ་ས་ཁུལ་འདིའི་དགོས་མཁོ་ལ་གཞིགས་ཏེ་སྙོམ་སྒྲིག་བྱེད་ཀྱི་ཡོད། ཁྱེད་ཀྱི་གཏོང་ཕོད་དང་ལྷག་བསམ་གྱིས་རྒྱབ་སྐྱོར་ལ་བརྟེན་ནས་་འབྱུང་འགྱུར་གྱི་ལོ་འདིར་ཡང་ང་ཚོའི་ཞབས་ཞུ་ཁག་སྔར་ལྷག་བསྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གཞན་ཕན་དང་གཏོང་ཕོད་ཆེན་པོས་དངུལ་གྱིས་ཞལ་འདེབས་འབུལ་མཁན་སྒེར་བ་དང་། ཚོགས་སྡེ་སོགས་ཚང་མར་དགའ་གུས་ཡིན་རང་ཞུ་རྒྱུ་ཡིན་ལ། ཆེན་པོ་དང་ཆུང་ཆུང་གང་ཡིན་རུང་ཕན་ཐོགས་ཧ་ཅང་ཆེན་པོ་འདུག རྒྱ་གར་དུ་ཆུང་ཆུང་ཞིག་གིས་མང་པོར་ཕན་ངེས་པ་དང་། ཆེན་པོས་ནི་དེ་བས་ཀྱང་རླབས་ཆེའོ།། ཞིབ་ཕྲ་མཁྱེན་པའི་ཕྱིར་དྲ་ཐག་འདིར་ནོན། གལ་ཏེ་ཁྱེད་ཀྱིས་ང་ཚོའི་གསར་གནས་དང་། གསར་བསྒྲགས། སོགས་གནས་ཚུལ་ཆེས་གསར་པ་དག་མཁྱེན་འདོད་ཡོད་ཚེ་དྲ་གནས་ www.lhasocialwork.org འདིར་གཟིགས་རོགས།
མཇུག་ཏུ་སྐུ་ཉིད་ཀྱི་སོམ་ཉི་བྲལ་བའི་རྒྱབ་སྐྱོར་ལ་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དང་བླངས་པ་རྣམས་དང་། སློབ་ཕྲུག སྤྱི་ཚོ་སོགས་ཀྱིས་རྒྱབ་སྐྱོར་སོགས་མེད་པར་ང་ཚོས་དེ་རིང་གི་ལེགས་གྲུབ་རྣམས་ཡོང་ཐུབ་ཐབས་མེད།
༢༠༡༧ ལོའི་ལྷའི་ཤུགས་རྐྱེན།
• ཟླ་རེ་བཞིན་འཛིན་གྲྭལ་ཕེབས་མཁན་སློབ་མ་གྲངས་ ༡༧༤༨ ལ་འཛིན་གྲྭ་གོ་སྒྲིག་བྱས་པ་དང་།
• སློབ་མ་ ༦༥༠ ཐམ་པས་སྐད་ཡིག་འཛིན་གྲྭར་གསར་དུ་ཐོ་འགོད་བྱས་འདུག
• སློབ་མ་ ༥༡ གིས་རྩིས་འཕྲུལ་རྨངས་གཞི་དང་། མཚམས་སྦྱོར་འཛིན་གྲྭར་ཐོ་འགོད་བྱས་འདུག
• ཅ་ལག་རྙིང་པ་དང་གསར་པ་ ༥,༠༠༠ ཙམ་བོད་རིགས་དང་ས་གནས་རྒྱ་གར་མི་མང་ལ་ཞལ་འདེབས་ཕུལ་ཡོད།
• ཉིན་རེ་བཞིན་དགོས་མཁོ་ཅན་གྱི་མི་ལྔ་བཅུ་ནས་དྲུག་བཅུ་བརྒལ་བར་བཅུད་ལྡན་ཞལ་ལག་དང་། འཐུང་ཆུ་གཙང་མའི་མཐུན་རྐྱེན་སྦྱར་ཡོད།
• བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ ༣༦༥ ལ་རིིན་མེད་འཕྲོད་བསྟེན་དང་། མིག་བརྟགས་དཔྱད་དང་། སོ་བདག་སྐྱོང་གི་མཐུན་རྐྱེན་སྦྱར་ཡོད།
• ཁོར་ཡུག་གི་ཤེས་བྱ་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་། གོ་རྟོག་ལས་འགུལ་གོ་སྒྲིག་བྱས་པ་མ་ཟད། རེས་གཟའ་སྤེན་པ་གསུམ་པ་ནམ་ཡིན་ལ་ཁོར་ཡུག་གཙང་བཟོ་སོགས་བྱས་པ་དེ་དག་གིས་མི་མང་ ༣༠༠༠ ཙམ་ལ་སྙོབ་ཐུབ་ཀྱི་ཡོད།
• རྒྱ་གར་ནང་ཡོང་དོན་ཤེས་ཡོན་གྱི་ཆེད་ཡིན་ཞེས་ཐོ་འགོས་བྱས་པ་རྣམས་ཀྱི་དེབ་ལྗང་ཁུའི་དུས་ཡུན་ཕར་འགྱངས་སླད་རྒྱ་གར་གཞུང་གིས་གཏན་འབེབས་ལྟར་སློབ་མ་ཡིན་ཞེས་པའི་རྒྱབ་གཉེར་ཡི་གེ་རེེ་དགོས་ཀྱི་ཡོད་པ་ལྟར་སློབ་མ་ ༦༣ ལ་རྒྱབ་གཉེར་སྤྲད་པ་ཡིན།
• རྩ་ཆེའི་དུས་ཚོད་དང་ནུས་ཤུགས་ཀྱིས་ཞལ་འདེབས་འབུལ་མཁན་གསར་ཕེབས་དང་བླངས་པ་ ༤༣༡ ལྷན་དུ་ལས་ཀ་བྱས་པ་ཡིན།
• རྒྱལ་སྤྱིའི་མཐོ་སློབ་དང་། གཙུག་ལག་སློབ་ཆེན་གྱི་ཆེད་ལས་པ་དང་། སློབ་མ་སོགས་ཚུད་པའི་སྡེ་ཁག་ ༡༤ ལ་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གོ་སྒྲིག་བྱས་པ་དེ་དག་ནང་འཛུག་ཞུགས་གནང་མཁན་ ༡༧༠ ལྷག་བྱུང་སོང་།
• འབྲེལ་གཏུག་དུས་དེབ་ ༡༠༢༣༠ དཔར་སྐྲུན་གྱིས་རིན་མེད་འགྲེམས་སྤེལ་ཞུས་ཡོད།
• ཟླ་གསུམ་རིང་གི་བོད་ཡིག་མཐོ་རིམ་འཛིན་གྲྭ་ལས་སློབ་མ ༣༨ ལ་ཁེ་ཕན་ཐོབ་ཡོད།
• དཔེ་དེབ་ ༡༠༠༠ ཙམ་བོད་རིགས་སློབ་ཕྲུག་ཚོར་ཞལ་འདེབས་ཕུལ་ཡོད།
• འཛམ་གླིང་གཉན་ནད་རེག་དུག་ཉིན་མོར་སྲུང་ཤུབ་ ༡༢༠༠ ཙམ་མེག་གྷན་མི་མང་ལ་རིན་མེད་ཕུལ་ཡོད།
• ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༥ པ་གསར་འཛུགས་བྱས་ཡོད།
• ༢༠༡༣ ནས་ ༢༠༡༧ བར་གྱི་གནས་ཚུལ་ཧ་ཅང་བསྡུས་པ།
• སློབ་མ ༡༢,༢༠༨ ལ་ལྷའི་སྐད་ཡིག་འཛིན་གྲྭ་ཁག་ནས་ཁེ་ཕབ་ཐོད་ཡོད།
• སློབ་མ་ ༣༠༠༦ ལ་རྩིས་འཕྲུལ་འཛིན་གྲྭ་དང་། IT ཟབ་སྦྱོང་ནས་ཁེ་ཕན་ཐོབ་ཡོད།
• རྒྱལ་སྤྱིའི་ཤེས་ཡོན་གྱི་སྡེ་ཚན་ཁག་ནས་ཧ་ལམ་སློམ་ལ་ ༡༧༥༡ ཙམ་གྱིས་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་ལས་ཁེ་ཕན་བླངས་ཡོད།
• ས་ཕྱོགས་འདྲ་མིན་ནས་ཕེབས་པའི་དང་བླངས་པ་ ༡༧༥༢ ལས་བརྒལ་བས་ལྷའི་ལས་དོན་ཁག་ལ་ཞལ་འདེབས་ཕུལ་འདུག
• དཔེ་དེབ་ ༣༤༣༤༠ བོད་རིགས་དང་། ས་གནས་རྒྱ་གར་གྱི་སློབ་གྲྭ་དང་། དཔེ་ཁང་ཁག་ལ་ཞལ་འདེབས་ཕུལ་ཡོད།
• གྱོན་པ་སྣེ་ཁ་ ༤༣༠༤༧ ལས་བརྒལ་བ་སྡུ་རུབ་ཀྱིས་ཞལ་འདེབས་ཁང་ཁག་བརྒྱུད་ནས་ཞལ་འདེབས་ཕུལ་ཡོད།
• ལྷའི་འཐུང་ཆུ་གཙང་མའི་ལས་གཞིའི་འོག་ཆུ་ཙགས་འཕྲུལ་ཆས་ ༢༥ ཙམ་གསར་འཛུགས་བྱས་ཟིན་པ་དེ་དག་ལས་མི་ ༡༣༥༥༠ ཙམ་ལ་ཞལ་ལག་བཟོ་བྱེད་དང་། འཐུང་ཆུ་གཙང་མ་མཁོ་འདོན་བྱེད་བཞིན་པ་ཡིན།
• མིག་གཙང་བཟོའི་ལས་འཆར་བརྒྱུད་ནས་མི་གྲངས་ ༩༤༢ ལ་རིན་མེད་མིང་བརྟགས་དཔྱད་དང་། མི་ ༦༠༠ ལས་བརྒལ་བར་རིན་མེད་མིག་ཤེལ་ཕུལ་ཟིན།
• གསོ་གཙང་བཟོ་བདག་སྐྱོང་གི་ལས་འཆར་ལས་མི་གྲངས་ ༨༦༣ ལ་གསོ་བརྟགས་དཔྱད་དང་། གཙང་བཟོ། སོ་སྨན་ལ་སོགས་ཀྱི་ཁེ་ཕན་ཐོབ་ཡོད།
• ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་འབྲེལ་གཏུག་དུས་དེབ་ ༩༠༥༣༠ ཐམ་པ་རིན་མེད་འགྲེམས་སྤེལ་བྱས་ཡོད།
• མི་ ༡༦༩ ལ་འཕུར་མཉེའི་སྦྱོང་བརྡར་སྤྲད་ཡོད།
• མི་ ༦༧ ལ་དཔར་ལེན་སྦྱོང་བརྡར་སྤྲད་ཡོད།
• ལྷའི་སྤྱི་ཐབས་ཕྱི་ལོ་ ༢༠༡༡ ལོར་སྒོ་ཕྱེས་པ་ནས་བཟུང་། མི་གྲངས་ ༤༥༣ ལ་ཁེ་ཕན་ཐོབ་པ་དང་། ཉིན་ལྟར་མི་གྲངས་ ༥༠ ནས་ ༦༠ ལ་གསོལ་ཚིགས་འབུལ་བཞིན་ཡོད།
• རྒྱ་གར་ནང་ཡོང་དོན་ཤེས་ཡོན་གྱི་ཆེད་ཡིན་ཞེས་ཐོ་འགོས་བྱས་པ་རྣམས་ཀྱི་དེབ་ལྗང་ཁུའི་དུས་ཡུན་ཕར་འགྱངས་སླད་རྒྱ་གར་གཞུང་གིས་གཏན་འབེབས་ལྟར་སློབ་མ་ཡིན་ཞེས་པའི་རྒྱབ་གཉེར་ཡི་གེ་རེེ་དགོས་ཀྱི་ཡོད་པ་ལྟར་སློབ་མ་ ༨༣༣ ལ་རྒྱབ་གཉེར་སྤྲད་འདུག
• པྱི་ལོ ༢༠༡༥ ནས་བཟུང་ཕ་མ་དང་། སློབ་ཕྲུག་ ༦༩༢ ལ་ལྷས་གོ་སྒྲིག་ཞུས་པའི་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་ལས་ཁེ་ཕན་ཐོབ་ཡོད།
• ཕྱི་ལོ་ ༢༠༡༥ ནས་བཟུང་སྟེ་བྱམས་པ་གླིང་རྒན་གསོ་ཁང་དུ་རྒན་གོན་ ༡༣༠ ཙམ་ལ་ངེད་ཀྱི་ལས་གཞི་ལས་ཁེ་ཕན་ཐོབ་ཡོད་པ་བཅས་འགན་འཛིན་ངག་དབང་རབ་རྒྱས་ཀྱིས།
Ngawang Rabgyal (Director)
Lha Charitable Trust
Temple Road, Mcloed Ganj
Dharamsala-176219
Distt. Kangra, H.P. India
Office phone: +91-1892-220992
Office Mobile: +91-9882323455
Website: www.lhasocialwork.org
www.samdhongrinpoche.com
www.tibetnature.net
www.contactmagazine.net
Lha’s You Tube Channel
Lha’s Facebook Page
Contact Facebook Page
Lha’s Twitter
Contact Twitter