༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་ངང་ཚོགས་པ།
ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༡ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་ངང་འཚོགས་ཡོད་པ་དང་། མཛད་སྒོའི་ཉིན་གཅིག་གི་སྔོན་དུ་ཚོགས་པའི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཚོགས་པའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་བཙོས་པའི་ལས་བྱེད་དང་རོགས་སྐྱོར་གནང་
མཁན་ཁག་ཅིག་ལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་བའི་བསྐལ་བ་བཟང་པོ་བྱུང་ཡོད། མཇལ་ཁའི་སྐབས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྤྱི་ཚོགས་ཞབས་འདེགས་སྒྲུབ་རྒྱུའི་ལས་ཀ་བྱས་པ་དེ་དག་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་གནང་བྱུང་། དེ་ཡང་༸གོང་ས་མཆོག་གིས་གསུངས་དོན། ང་རང་ཚོ་མིའི་སྤྱི་ཚོགས་གང་དུ་ཡིན་ནའང་། འཇོན་ནུས་མི་འདྲ་བ་ཡོད་པ་ཆོས་ཉིད་རེད། འབྱོར་ལྡན་ཚོ་ཕྲན་བུ་བཟང་གི་རེད། སྐྱོ་བ་དེ་ཚོའི་གྲས་ཚོགས་པ་སྐྱིད་སྡུག་དེ་འདྲའི་ཐོག་ནས་ལྟ་རྟོགས་བྱེད་མཁན་ཡོད་ན། ཧ་ཅང་ཕན་ཐོགས་ཡོད། དེར་བརྟེན་ཁྱེད་རང་ཚོས་ལོ་མང་རིང་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབས་པ། དེ་ཡང་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་ཟེར་དུས་དངོས་གནས་དཀའ་ངལ་འཕྲད་བཞིན་པའི་ཁྱིམ་ཚང་ཚོར་རོགས་བྱེད་རྒྱུ་རེད། ཅེས་དང་། ཁྱེད་རང་ཚོས་ཤེས་ཡོན་ཐོག་མང་ཚོགས་ལ་ཞབས་འདེགས་སྒྲུབ་ཐབས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག འཛམ་གླིང་འདིའི་སྟེང་རྒྱལ་ཁབ་ཤེས་ཡོན་ཇི་ཙམ་ཡར་རྒྱས་ཕྱིན་པ་དེ་ལ་དཔགས་པའི་ཡར་རྒྱས་ཆེ་བ་ཡོད། ཉེ་ཆར་ངོས་རང་ཨ་ཧྥི་རི་ཀ་དང་དཀྱིལ་ཤར་སོགས་ཕལ་ཆེར་རྒྱལ་ཁབ་བཅུ་གྲངས་ཀྱི་སློབ་ཕྲུག་དང་ཐུག་པ་རེད། ཇི་ཙམ་ཤེས་ཡོན་ཡོད་པ་དེ་དག་དེ་ཙམ་གྱིས་བསམ་བློ་གཏོང་རྒྱུ་ཤུགས་ཆེ་བ་དང་ཡར་རྒྱས་འགྲོ་ཐུབ་པ་དང་། ཤེས་ཡོན་མེད་པ་དེ་དག་སྐྱོ་བ་འདུག སློབ་ཕྲུག་དེ་དག་ཁོངས་ནས་ཨ་ཧྥི་གྷ་ནི་སི་ཐན་དང་། སི་རི་ཡ་ནས་ཡོང་བ་ཁ་ཤས་འདུག བསམ་བློ་ཧ་ཅང་གུ་དོག་པོ་ཡོད་པ་བཤད་སོང་།
དེ་དག་དང་བསྡུར་ན་ང་ཚོ་བོད་པ་བསམ་བློ་ཧ་ཅང་གུ་ཡངས་པ་དང་རྒྱ་ཆེ་བ་འདུག ཨ་ཧྥི་གྷ་ནི་སི་ཐན་ཁུལ་དུ་ཆོས་ཕྱོགས་ཐོག་ནས་བསམ་བློ་ཧ་ཅང་གུ་དོག་པོ་གཏོང་གི་ཡོད་པའི་བཟོ་འདྲ་བཤད་སོང་། དེར་བརྟེན་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ཁྱེད་རང་ཚོས་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་སྤྱི་དང་། ཡང་སྒོས་ཤེས་ཡོན་ཐོག་ཞབས་འདེགས་སྒྲུབ་རྒྱུ་དེར་རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ཞེས་སོགས་བོད་མི་རིགས་དང་འཇིག་རྟེན་སྤྱི་ལ་སྨན་པའི་བཀའ་སློབ་ལམ་སྟོན་ཤིན་ཏུ་གལ་ཆེན་བསྩལ་གནང་མཛད་རྗེས། མཇལ་བཅར་སྐབས་ཚོགས་པའི་ལོ་ངོ་ཉི་ཤུའི་ལས་བསྡོམས་སྤྱན་འབུལ་ཞུ་རྒྱུ་དང་། ཚོགས་པའི་སློབ་སྟོན་པ་དང་ལས་བྱེད་ཚོར་མགོན་པོ་གང་ཉིད་དང་ལྷན་དུ་དྲན་རྟེན་གྱི་འདྲ་པར་རྩ་ཆེན་ལེན་པའི་བསྐལ་བ་བཟང་པོ་བྱུང་ཡོད་པ་རེད།
མཛད་སྒོ་དངོས་གཞི་དེ་གོང་ཚེས་ཉིན་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཚོགས་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་མཆོག་གི་གཙོས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་། སྤྱི་འཐུས་དང་དྲུང་ཆེ་སོགས་གཙོས་པའི་བོད་དང་། རྒྱ་གར་། ཕྱི་རྒྱལ་སོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་སྒྲིག་འཛུགས་ཁག་གི་འགན་འཛིན་དང་སྐུ་ཚབ། ཚོགས་པ་གསར་འཛུགས་མཁན་དང་། སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི། ཚོགས་པའི་ལས་བྱེད་ཟུར་པ། དེ་བཞིན་ཚོགས་པའི་དབུ་ལས་སློབ་ཕྲུག་རྣམས་དང་། དྷ་ས་ཁུལ་གྱི་བོད་མི་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་མཛད་སྒོར་ཆེད་ཕེབས་དང་འབྲེལ་མཉམ་ཞུགས་གནང་ཡོད་པ་རེད། ཐོག་མར་སྐུ་མགྲོན་གཙོ་བོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣང་གསལ་ཞལ་དབྱེ་དང་བཅས་མཛད་སྒོ་དབུ་འཛུགས་གནང་རྗེས་དེར་ཕེབས་པ་ཚང་མ་སྐུ་བཞེང་གིས་བོད་དང་རྒྱ་གར་གྱི་རྒྱལ་གླུ་བཏང་ཞིང་།
དེ་ནས་ཚོགས་པའི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས་ལོ་ངོ་ཉི་ཤུའི་རིང་གི་ལས་དོན་གྲུབ་འབྲས་ཀྱི་སྙན་ཐོ་མདོར་བསྡུས་བོད་ཡིག་ནང་སྙན་སྒྲོན་ཞུས་ཤིང་། སྙན་ཐོའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནི་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་ཨ་རིའི་མངའ་སྡེ་ (Louisiana) རུ་འགོ་འཛུགས་ཀྱིས་ (Louisiana) ཧི་མ་ལ་ཡའི་ཚོགས་པ་ཞེས་མིང་བཏགས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་བོད་མི་བྱམས་པ་ཚེ་རིང་ལགས་དང་ཨ་རི་བ་ནེལ་གྷུ་ཌུ་རེ་ལགས་རྣམ་གཉིས་ཀྱི་གཙོས་བོད་ནས་གསར་དུ་ཕེབས་མཁན་གཞོན་སྐྱེས་འགའ་རེ་མཉམ་སྦྲེལ་གྱིས་རྒྱ་གར་ནང་བཙུགས་ཏེ་ཨིན་ཡིག་གི་ཚོགས་པའི་མིང་བསྡུས་ཏེ་བོད་ཡིག་ནང་ལྷ་ཞེས་སྒྲ་བསྒྱུར་གནང་བ་ཞིག་ཡིན་པ་རེད་ཅེས་དང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ཞབས་ཞུ་ཁང་འདི་ནས་ཁྱོན་སློབ་མ་ ༡༡༤༢༢ ལ་སྐད་ཡིག་འདྲ་མིན་གྱི་འཛིན་གྲྭ་དང་། སློབ་མ་ ༢༩༥༥ ལ་ཀམ་པུ་ཊར འཛིན་གྲྭ ཕྱི་རྒྱལ་གྱི་ཤེས་ཡོན་ལྟེ་གནས་ཁང་ཁག་ནས་ཕེབས་པའི་སློབ་མ་ ༡༢༥༨ ལ་རིག་གཞུང་བརྗེ་རེས། དྷ་ས་ཁུལ་གྱི་ཁོར་ཡུག་གཙང་བཟོ། བསྐུ་མཉེ་དང་པར་ལེན་སྦྱོང་བརྡར། སློབ་གྲྭ་དང་རྒན་གསོ་ཁང་། སྨན་ཁང་བཅས་ལ་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་རིན་མེད་དུ་ཕུལ་ཞིང་། ཡུལ་མི་ཉམ་ཐག་ལ་གྱོན་གོས་སྦྱིན་གཏོང་བྱས་ཡོད། དེ་བཞིན་དྷ་སའི་དགོས་མཁོ་ཅན་གྱི་མི་གྲངས་ ༥༠ ནས་ ༦༠ ཙམ་ལ་ཉིན་ལྟར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་མཚོན་པའི་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་སོགས་ལས་གཞི་རྣམ་གྲངས་ཉི་ཤུ་ལྷག་ལག་བསྟར་བྱེད་ཀྱི་ཡོད་པ་སོགས་མཁོད་ཡོད་པ་དང་། ཚོགས་པའི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་ཀྱིས་ལྷའི་ལོ་ཉི་ཤུའི་ལས་དོན་གྲུབ་འབྲས་ཀྱི་སྙན་ཐོ་མདོར་བསྡུས་ཨིན་ཡིག་ནང་སྙན་སྒྲོན་ཞུས་རྗེས་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་དང་། ཚོགས་པའི་ལས་དོན་སྐོར་གྱི་གློག་བརྙན་གཟིགས་འབུལ། དེ་ནས་ལྷའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་འབྲུག་བསྟན་སྐྱིད་ལགས་ཀྱིས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་ཞུས་པ་རེད། དེ་ཡང་༧སྤྱི་ནོར་༧གོས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་།
འདི་ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལོ་ཉི་ཤུ་འཁོར་བའི་དུས་སྟོན་བྱ་རྒྱུ་ཡིན་པར་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཐོག་མར་སླེབས་སྐབས། བོད་པའི་ཤོད་སྲོལ་ལྟར། སྒང་ན་གནམ་དང་འོག་ན་ས་ལས་ངོ་ཤེས་པ་མེད། དེའི་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་། དེ་བཞིན་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་སོགས་མང་པོ་ཞིག་གཏོང་ཕོད་ཅན་གྱི་མི་སྒེར་དང་། ཚོགས་སྡེ་སྒྲིག་འཛུགས། གཞུང་སོགས་ལ་བརྟེན་དགོས་བྱུང་ཡོད།
དེ་ནས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་སླད་དགོས་ངེས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྣེ་འཁྲིད་མཁན་དང་། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནུས་ལྡན་དུ་སྐྲུན་མཁན་གྱི་སྡེ་ཚན་འགའ་དང་ལྷན་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མཐོང་རྒྱུར་འགོ་བཙུགས་སོང་། ལྷ་ཚོགས་པས་ལས་འགུལ་འདིའི་སྣེ་ཁྲིད་པའི་ཐོག་ནས་བོད་པའི་དབུ་ཁྲིད་ཀྱི་འབད་བརྩོན་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་མཐུན་སྦྱོར་བྱེད་ཀྱི་ཡོད། དེང་སྐབས་ལྷ་ནི་བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གཉིས་ཀར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེན་ཞིག་ཆགས་འདུག
ཚོགས་པ་འདི་ནི་འཆར་འགོད་ལེགས་ཤིང་ཚོགས་པའི་ལས་གཞི་ཁག་ལག་བསྟར་གང་ལེགས་དང་། སྣ་མང་ལས་གཞི་དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་སྲུང་སྐྱོང་གོང་འཕེལ། སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོའི་ཐབས་ལམ་མཁོ་སྤྲོད། དེར་མ་ཟད་ཚོགས་པའི་ཪིག་གཞུང་བརྗེ་རེས་ཀྱི་ལས་གཞི་དང་། དྲྭ་ཚིགས་དང་སྤྱི་ཚོགས་དྲ་གནས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བ་རྣམས་ལ་ཞབས་ཞུའི་གོ་སྐབས་འབུལ་བ་དང་། དངོས་ཡོད་ཀྱི་རོགས་རམ་བྱེད་ཐུབ་པ་བརྒྱུད་བོད་ཀྱི་གནས་དོན་དང་བོད་མིའི་སྐོར་གོ་རྟོགས་ཁྱབ་སྤེལ་གཏོང་གི་འདུག
ལྷ་ཚོགས་པའི་ལེགས་གྲུབ་ནི་ཚོགས་པ་དབུ་འཛུགས་གནང་མཁན་དང་། ལས་བྱེད། གཏོང་ཕོད་ཆེ་བའི་རྒྱབ་སྐྱོར་བ། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བ་སྟོང་ཕྲག་མང་པོའི་འབད་བརྩོན་དང་མཐུན་སྦྱོར་ལ་བརྟེན་བྱུང་བ་ཡིན། ངོས་ཀྱིས་གོ་སྐབས་འདི་བརྒྱུད་འབྲེལ་ཆགས་ཚང་མ་ལ་ལེགས་གསོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཡིག་དང་ཨིན་ཡིག་གཉིས་ནང་ཡོད་པའི་ལྷའི་ལོ་ཉི་ཤུའི་ལས་བསྡོམས་ཀྱི་སྙན་ཐོ་དབུ་འབྱེད་དང་། ལྷའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ལེགས་གསོའི་ཕྱག་འཁྱེར་གནང་ཞིང་། ཚོགས་པར་རྒྱུན་རིང་པོར་རྒྱབ་སྐྱོར་དང་། དང་བླངས་གནང་མཁན་ཁག་གཅིག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་མཆོག་གིས་ལེགས་གསོའི་ཕྱག་འཁྱེར་གནང་བ་རེད།
དེ་ནས་ཚོགས་པའི་འགན་འཛིན་ནས་སྐུ་མགྲོན་གཙོ་བོ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱགས་རྟགས་ཕུལ་ཞིང་། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་རེད། དེ་ཡང་ཁོང་གིས་ང་ཚོ་མ་ཡི་མངལ་ནས་སྐྱེས་པ་དང་སྤྱི་ཚོགས་གཞན་དང་རང་བཞིན་གྱིས་འབྲེལ་བ་ཆགས་འགྲོ་བཞིན་ཡོད་པ་རེད། ང་ཚོ་སྐྱེ་བའི་སྐབས་དེར་ཕ་མ་གཉིས་ཙམ་མིན་པར། སྨན་པའང་དགོས་ཀྱི་ཡོད་ལ། སྨན་ཞབས་པའང་དགོས་ཀྱི་ཡོད། དེ་ནས་འཚོ་བའི་མཐུན་རྐྱེན་སྦྱར་དགོས་པ་མ་ཟད། སློབ་གྲྭར་སྐྱེལ་དགོས སློབ་གྲྭ་ཐོན་ཚར་བའི་རྗེས་ནས་ཡང་སྤྱི་ཚོགས་གཞན་ཞིག་ལ་བརྟེན་དགོས་པ་སྟེ། སྤྱི་ཚོགས་ཆུང་ཆུང་ནས་མུ་མཐུད་ཆེན་པོ་ནས་ཆེན་པོར་འབྲེལ་བ་ཡོད་དགོས། སྤྱི་ཚོགས་ཆེན་པོར་འབྲེལ་བ་བྱེད་ཡོང་དུས་རང་གི་འཚོ་བའི་བདེ་སྡུག་གཞན་ལ་ངོ་སྤྲོད་བྱེད་ཐུབ་ཅིང་། སྤྱི་ཚོགས་གཞན་གྱི་འཚོ་བའི་བདེ་སྡུག་ལ་རྒྱུས་ལོན་བྱེད་ཐུབ་དགོས། སྤྱོད་འཇུག་ནང་གསུང་པ་ལྟར། བདག་གིས་གཞན་གྱི་སྡུག་བསྔལ་སེལ་བའམ་མེད་པར་བཟོ་དགོས་ཏེ། སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན། བདག་གི་སྡུག་བསྔལ་བཞིན། ཞེས་པ་ལྟར། སོ་སོར་སྡུག་བསྔལ་ཞིག་ཡོད་ན་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་ལྟར། གཞན་ལ་སྡུག་བསྔལ་ཞིག་ཡོད་ན། མེད་པར་བཟོ་རྒྱུའི་ཐབས་ཤེས་བྱེད་དགོས་པ་རེད། དེ་ཡང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་དགོས། དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་གཞན་ལ་ཡང་ཕན་པར་བྱེད་དགོས་ཏེ། སེམས་ཅན་ཡིན་པའི་ཕྱིར། དཔེར་ན། སོ་སོའི་ལུས་པོ་བཞིན། སོ་སོའི་ལུས་པོར་གོས་ཡག་པོ་ཞིག་འདོད་པ་དང་། ཟས་ཞིམ་པོ་ཞིག་དགོས་ཀྱི་ཡོད་པ་ལྟར། གཞན་ལའང་དེ་ལྟར་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད། སྤྱི་ཚོགས་ཞབས་ཞུ་དང་ལྟེ་གནས་ཁང་འདི་ལྟ་བུས་དེ་འདྲའི་སྤྱི་ཚོགས་ཆེན་པོ་ལ་ཞབས་ཞུ་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད། ཅེས་སོགས་དང་། ཡང་ཁོང་གིས། སྔ་མོ་བོད་ལ་ཡིན་ན། བླ་ཆེན་དང་དགོན་པ་ཁག་ལ་རི་རྒྱ་དང་ཀླུང་རྒྱ་ཞེས་པའི་གཏམ་ཞིག་ཡོད་པ་རེད། དེ་ནི་ནགས་ཚལ་སོགས་ལས་རྩི་ཤིང་རིགས་འདྲ་མིན་གཅོད་མི་ཆོག་པ་དང་། རིའི་སྒང་དུ་ཡོད་པའི་རི་དྭགས་སེམས་ཅན་འདྲ་མིན་གསོད་མ་ཆོག་དེ་འདྲ་ཡོད་པ་རེད། དེ་ཚོ་དེང་སང་གི་ཁོར་ཡུག་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ཆགས་བསྡད་འདུག དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་པ་ང་ཚོར་སྔ་མོ་ནས་ཡོད་པ་དེ་ཚོ་ཁྱབ་སྤེལ་ཆེད་དགོངས་པ་ཤུགས་ཆེན་པོར་བཞེས་དགོས་ཀྱི་འདུག དེ་ལྟར་བྱས་ན། རང་བཞིན་གྱིས་རང་ལས་གཞན་རྩ་ཆེ་བའི་སེམས་ཤིག་སྐྱེ་ཡོང་གི་ཡོད་པ་དང་། སྤྱི་ཚོགས་འཁྲུག་མ་ཐེབས་པ་ཞིག་ཡོང་གི་རེད། དེ་ལ་བརྟེན་ནས་རང་གི་སྐད་ཡིག་དང་རིག་གཞུང་ཡང་སྲུང་ཐུབ་པ་ཞིག་ཡོང་གི་རེད་ལ། བོད་ཀྱི་རྩ་དོན་ལའང་ཕན་ཐོགས་ཐུབ་པའི་ནུས་པ་ཆེན་པོ་ཞིག་མཐོང་གི་འདུག་ཅེས་སོགས་བཀའ་སློབ་གནང་བ་དང་སྦྲགས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཕྱག་ལས་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་མ་ཟད། མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནས་བོད་ཙམ་མ་ཟད་འཛམ་གླིང་ལ་ཕན་ཐོགས་ལྡན་པའི་ཞབས་ཞུ་བསྒྲུབ་ཐུབ་པའི་སྨོན་འདུན་སོགས་གནང་སོང་།
དེ་རྗེས་ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་ཀྱིས་དེར་ཕེབས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་རྗེས་མཛད་སྒོ་གྲོལ་བ་དང་། ཚོགས་པའི་ལས་བྱེད་ཁ་ཤས་ཀྱིས་མཛད་སྒོར་ཕེབས་མཁན་ཡོངས་ལ་སྙན་ཐོ་རྒྱས་པ་ <<ལོ་ངོ་ཉི་ཤུའི་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་ཀྱི་ལས་དོན་གྲུབ་འབྲས་སྙན་ཐོ>> ཞེས་པ་དུས་དེབ་ཀྱི་ངོ་བོར་བོད་ཨིན་གཉིས་ནང་པར་སྐྲུབ་ཞུས་ཡོད་པ་དེ་དང་། ལྷའི་དྲན་རྟེན་དཀར་ཡོལ་སོགས་ཕུལ།
དེ་ནས་མཛད་སྒོར་ཕེབས་པའི་མི་མང་སུམ་བརྒྱ་ལྷག་ལ་གུང་ཚིགས་འདེགས་འབུལ་ཞུས་ཤིང་། གསོལ་ཚིགས་གྲུབ་མཚམས་ཟློས་གར་ཐང་དུ་སྐོར་བྲོ་དང་གཞས་སྣ་འཁྲབ་སྟོན་བཅས་ཞུས་ཏེ་མཛད་སྒོ་ལེགས་པར་གྲུབ་སོང་།
སྤྱིར་ན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོའི་སྐོར་གྱི་གནས་ཚུལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། བོད་ཀྱི་བང་ཆེན། བོད་ཀྱི་དུས་བབ། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་སོགས་སུ་རྒྱས་བསྡུས་ཅི་རིགས་བཀོད་ཡོད་པ་དང་། ནོར་ཝེ་བོད་ཀྱ་རླུངས་འཕྲིན་ཁང་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྷ་ཚོགས་པར་ཆེད་ཕེབས་ཀྱིས་ལྷའི་འགན་འཛིན་ལ་བཅར་འདྲི་གནང་ཞིང་། དེ་བཞིན་བོད་ཀྱི་དུས་བབ་སོགས་ཀྱིས་ཀྱང་བཅར་འདྲི་དང་འགོད་སྤེལ་གནང་བ་སོགས་བཙན་བྱོལ་ནང་གི་གསར་འགྱུར་རྒྱུད་ལམ་ཁག་ཧ་ཅང་མང་པོ་ཞིག་གི་ནང་དུ་ཐོན་ཡོད་པ་རེད།
ལོ་ངོ་ཉི་ཤུའི་ཚོགས་པའི་ལས་བསྡོམས་སྙན་ཐོ་འདི་ནས་ཕབ་ལེན་གནང་ཐུབ།