ཕྱི་ལོ་ ༢༠༡༦ ལོའི་ལྷའི་ལོ་འཁོར་ལས་བསྡོམས་སྙན་ཐོ་མདོར་བསྡུས།
༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༡༦ ལོར་སྤྱི་ཚོགས་ནང་ཆེས་དགོས་མཁོ་ཆེ་བའི་ལས་འཆར་དང་ལས་གཞི་རྣམ་གྲངས་ ༣༦ ཙམ་ལག་བསྟར་བྱས་པ་བརྒྱུད་ཉུང་མཐཪ་མི་གྲངས་ ༣༠,༧༧༠ ཙམ་ལ་ཕན་ཐོགས་བྱུང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད།
ང་ཚོས་མུ་མཐུད་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ལས་འཆར་གྱི་རྣམ་གྲངས་སྔར་ལས་མང་བ་ཞིག་རྒྱ་སྐྱེད་དང་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་དང་འཆར་གཞི་སྒྲིག་བཞིན་ཡོད་ལ། ཚོགས་པས་དགོས་དམིགས་དང་མཐུན་པའི་བསྒྲུབ་བྱ་གཙོ་བོ་ཁག་ནི་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོ། བོད་དོན་གོ་རྟོགས་དང་དྲིལ་བསྒྲགས། དང་བླངས་ཞབས་ཞུའི་གོ་སྐབས། རྩ་ཆེའི་བོད་ཀྱི་ལེགས་བྱང་དར་སྤེལ། རིག་གཞུང་བརྗེ་རེས་སོགས་གལ་ཆེའི་ལས་གཞི་ཁག་ལག་བསྟར་བྱས་ཏེ་ཕན་ནུས་ལྡན་པའི་གྲུབ་འབྲས་ཡོང་བར་འབད་བརྩོན་བྱེད་ཀྱིན་ཡོད། ཕྱི་ལོ་ ༡༩༩༧ ལོར་ཚོགས་པ་འདི་གསར་འཛུགས་བྱས་པ་ནས་བཟུང་བྱམས་བརྩེ་དང་གཏོང་ཕོད་ཆེ་བའི་རོགས་སྐྱོར་གནང་མཁན་རྣམ་པ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ལྷག་བསམ་རྣམ་དག་གིས་ཆོད་སེམས་བརྟན་པོའི་ལེགས་སྐྱེས་འབུལ་མཁན་དང་བླངས་བ་ཆེས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་འོག ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་དེ་ཡར་རྒྱས་དང་ལག་བསྟར་དོན་འཁྱོལ་ཡོང་བར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་སོང༌། ཕྱི་ལོ་ ༢༠༡༦ ལོའི་ང་ཚོའི་ཞབས་ཞུའི་ལས་དོན་ཁག་འཆར་གཞི་ལྟར་ལམ་ལྷོངས་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་ཐོན་བྱུང་སོང་བས། ང་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་བློ་སྤོབས་སྟེར་མཁན་དང། མཐུན་འགྱུར་རོགས་རམ་གནང་མཁན། དེ་བཞིན་དང་བླངས་ལས་བྱེད་སོགས་གཙོས་པའི་འབྲེལ་ཡོད་ཚང་མར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཚོགས་པའི་སྐོར།
བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནི་གཟེངས་རྟགས་ཐོབ་པའི་གཞུང་འབྲེལ་མིན་པའི་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཆེ་ཤོས་ཤིག་ཡིན་ཞིང་། ཚོགས་པ་འདི་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་གསར་འཛུགས་ཀྱིས་རྒྱ་གར་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པ་དང་། ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ། སྙན་ཐོ་འདོན་གྱིན་ཡོད་ཅིང་། རྒྱ་གར་དབུས་གཞུང་བཅའ་ཁྲལ་ལས་ཁུངས་ཀྱིས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གིན་ཡོད།
དགོས་དམིགས་དང་ལས་རིམ་ཁག
ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། གཞན་ཕན་ཆེད་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོའི་ལས་དོན་སྣ་མང་བྱ་རྒྱུ་དེ་ཡིན་ཞིང་། ཧི་མ་ལ་ཡའི་རི་རྒྱུད་དང་ས་གནས་རྒྱ་གར་མི་མང་ལའང་དེ་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།
ཚོགས་པས་ཉིན་ལྟར་མི་གྲངས་ ༢༠༠ ཙམ་ལ་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་དང་། དང་བླངས་བ་ ༡༥ ནས་ ༢༥ཙམ་གྱིས་ང་ཚོའི་ཉིན་རེའི་ལས་དོན་ལ་རོགས་འདེགས་གནང་གི་ཡོད་པ་རེད། ཚོགས་པས་ཞབས་ཞུའི་རྣམས་གྲངས་མི་འདྲ་བ་ ༢༠ ཙམ་ཡོད་པ་སྟེ། བོད་ཡིག། ཨིན་ཡིག རྒྱ་ཡིག ཧྥ་རན་སི། འཇར་མན་སོགས་ཀྱི་སྐད་ཡིག་འཛིན་གྲྭ་མཐོ་དམན་འདྲ་མིན་དང་། སྒེར་གྱི་དགེ་རྒན། གློག་ཀླད་འཛིན་གྲྭ་ཁག བཅུད་ལྡན་ཞལ་ལག་མཐུན་རྐྱེན། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ། འཐུང་ཆུ་གཙང་བཟོའི་ལས་གཞི། སྨན་དང་གྱོན་གོས་རིན་མེད་བགོ་འགྲེམ། འབྲེལ་གཏུག་དུས་དེབ་དཔར་སྐྲུན་དང་རིན་མེད་འགྲེམ་སྤེལ། འཕྲོད་བསྟེན་ཞབས་ཞུ་དང་ཁོར་ཡུག་གི་གོ་རྟོགས་ལས་འགུལ། དང་བླངས་ཞབས་ཞུའི་གོ་སྐབས་དང་འབྲེལ་མཐུད། མི་མང་དཔེ་མཛོད། ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་དང་ལྷན་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་སོགས་ཀྱི་ལས་དོན་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་བཞིན་ཡོད། ད་དུང་ང་ཚོས་དང་བླངས་བ་དང་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་རྣམས་ལ་སྣེ་ལེན་དང་། རྒྱུས་སྟོན། ཁྱིམ་ཚང་གནས་སྡོད་གོ་སྒྲིག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་དང་ངོ་སྤྲོད་སོགས་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོ་ ༢༠༡༦ ལོར་ཆ་མཚོན་ན་ང་ཚོའི་ལས་དོན་དང་ཞབས་ཞུ་ཁག་གང་ཅིའི་ཐད་དམིགས་བསལ་དང་གཟི་བརྗིད་ལྡན་པའི་ལོ་ཞིག་བྱུང་སོང་བ་དང་། དེ་ནི་ཚོགས་པའི་དང་བླངས་ཞབས་ཞུ་བ་རྣམས་དང་། སྒེར་སེམས་མེད་པའི་ཐོག་ནས་རོགས་སྐྱོར་གནང་མཁན་སྒེར་བ་དང་། ཚོགས་སྡེ་ཁག་སོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་ཚོགས་པའི་ཞབས་ཞུ་ཁག་ལ་སྤྱི་ཚོགས་དང་མི་སྒེར་སོགས་ཀྱིས་ཐུགས་ཁུར་ཆེན་པོའི་ཆ་ཤས་བླངས་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོས་སྒྲུབ་བཞིན་པའི་ལས་གཞི་ཁག་ཡར་རྒྱས་དང་རྒྱུན་གནས་ཐུབ་པ་བྱུང་ཞིང་། ལོ་འདིའི་ནང་ལས་གཞི་གསར་པ་ཁག་ཅིག་ཀྱང་ལག་བསྟར་ཐུབ་པ་བྱུང་སོང་བས། གོ་སྐབས་འདི་བརྒྱུད་དེ་འབྲེལ་ཡོད་ལྷན་རྒྱས་ཚང་མར་བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་ཞུ་འདོད་བྱུང་། ཕྱི་ལོ་༢༠༡༦ ལོར་བསྒྲུབས་པའི་ཞབས་ཞུ་དང་ལས་གཞི་རྣམས་གཤམ་དུ་ལས་བསྡོམས་མདོར་བསྡུས་ཤིག་བསྐྱར་འབུལ་ཞུས་ཡོད་པས་གཟིགས་ཞིབ་ཡོང་བ་ཞུ།
ཕྱི་ལོ་ ༢༠༡༦ ལོའི་ལས་རིམ་གྱི་ཕན་ཐོགས།
རྒྱལ་སྤྱིའི་སྐད་ཡིག་གི་འཛིན་གྲྭ།
འདི་ལོར་སྐད་ཡིག་འཛིན་གྲྭ་ཁག་ལ་གསར་དུ་ཐོ་འགོད་བྱེད་མཁན་སློབ་མ་གྲངས་ ༥༥༠ བྱུང་འདུག་པ་དང་། ཕྱི་ལོ་ ༢༠༠༦ ནས་ད་བར་སྐད་ཡིག་འཛིན་གྲྭ་ཁག་ལ་འཛུལ་ཞུགས་བྱེད་མཁན་ཁྱོན་མི་གྲངས་ ༡༡,༥༥༨ བྱུང་ཡོད་པ་རེད། ཆ་སྙོམས་ཉིན་ལྟར་འཛིན་གྲྭར་ཡོང་མཁན་སློབ་མ་གྲངས་ ༡༧༧ ཙམ་ཡོད་ཅིང་། ཨིན་ཡིག་འཛིན་གྲྭར་གནས་རིམ་མི་འདྲ་བ་ བཞི་དང་། རྒྱ་ཡིག་དང་ཧྥ་རན་སིའི་སྐད་ཡིག་ལ་གནས་རིམ་གསུམ་ཡོད། བོད་ཀྱི་བརྡ་སྤྲོད་དང་སྐད་ཡིག་ཀྱི་རྨང་གཞིའི་འཛིན་གྲྭ། འཇར་མིན་སྐད་ཡིག་སོགས་བསྡོམས་པའི་ཉིན་ལྟར་འཛིན་གྲྭ་ཁག་ ༡༢ ཙམ་ཚོགས་བཞིན་ཡོད་པ་རེད། ད་དུང་ང་ཚོས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་པའི་སྐད་ཡིག་མི་འདྲ་བ་གཞན་གྱི་འཛིན་གྲྭ་ཚོགས་རྒྱུར་ཡང་གང་ཐུབ་མཐུན་འགྱུར་རོགས་རམ་བྱས་དང་བྱེད་མུས་ཡིན།
ཉིན་ལྟར་ང་ཚོའི་སྐད་ཡིག་འཛིན་གྲྭ་ལས་གཞན་ད་དུང་དང་བླངས་བའི་གྲངས་འབོར་ལ་གཞིགས་པའི་སློབ་མ་སྒེར་སོ་སོར་དགེ་རྒན་ངོ་སྤྲོད་བྱས་ཏེ་ཟུར་ཁྲིད་དགེ་རྒན་བརྒྱུད་ནས་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་ཚོགས་པས་སློབ་མ་ ༢༤༨ ལ་སྒེར་གྱི་ཟུར་ཁྲིད་དགེ་རྒན་ངོ་སྤྲོད་བྱས་ཡོད་ལ། འདི་ལོའི་ཚོགས་པའི་ངོས་ནས་སློབ་མ་གྲངས་ ༡༦༠ ལ་སྒེར་གྱི་ཟུར་ཁྲིད་དགེ་རྒན་གོ་སྒྲིག་ཞུས་ཡོད་པ་རེད།
གློག་ཀླད་འཛིན་གྲྭ།
ལོ་འདིར་གློག་ཀླད་སྦྱོང་མཁན་སློབ་མ་གསར་པ་གྲངས་ ༨༧ བྱུང་འདུག་པ་ནས་སློབ་མ་ ༢༣ ལྷའི་སློབ་ཡོན་གྱི་རོགས་རམ་ཆ་ཚང་ཐོབ་ཡོད་པ་དང་། ང་ཚོའི་གློག་ཀླད་འཛིན་གྲྭ་ནི་རྨང་གཞིའི་གློག་ཀླད་ཤེས་བྱའི་ངོ་སྤྲོད་དང་། པར་བཟོ་སྒྲིག་བྱེད་སྟངས་དང་ (Photoshop) དེབ་དང་ཡིག་ཆ་རིགས་མཛེས་ཆ་ཇུས་འགོད (Indesign) སོགས་སློབ་ཁྲིད་བཅས་རྩ་བའི་སྡེ་ཚན་གཉིས་སུ་ཕྱེས་ཡོད་ཅིང་། ད་དུང་ང་ཚོས་ཁྱད་ལས་དང་བླངས་བའི་ཤེས་ཚད་ལ་དཔག་པའི་དམིགས་བསལ་གྱི་སྦྱོང་བརྡར་ཡང་གོ་སྒྲིག་བྱེད་ཀྱི་ཡོད། འདི་ལོར་དང་བླངས་གནང་མཁན་དྲ་ཚིགས་ཇུས་འགོད་ཀྱི་ཁྱད་ལས་པ་ཞིག་གིས་དོན་གཉེར་ཅན་གྱི་སློབ་མ་ཚོར་དྲ་ཚིགས་ཇུས་འགོད་ཀྱི་འཛིན་གྲྭ་གཉིས་གོ་སྒྲིག་ཞུ་ཐུབ་པ་བྱུང་།
རིན་མེད་གྱོན་གོས་བགོ་འགྲེམ།
ལྷའི་དང་བླངས་ཞབས་ཞུ་བ་དང་ཡུལ་སྐོར་བ་རྣམས་ཀྱིས་ཞལ་འདེབས་གནང་བའི་གྱོན་གོས་གསར་པ་དང་རྙིང་པ་གསོག་ཉར་གྱིས། དེ་དག་དགོས་མཁོ་ཅན་དང་མཐུན་རྐྱེན་ཞན་པའི་གྲོང་གསེབ་ཏུ་མི་སྒེར་དང་སློབ་གྲྭ་ཁག་ལ་བགོ་འགྲེམ་བྱེད་ཀྱིན་ཡོད་ཅིང་། འདི་ལོར་ས་གནས་ཀྱི་བོད་རིགས་དང་རྒྱ་གར་བ་ཧ་ལམ་ ༣༠༠ ཙམ་ལ་གྱོན་གོས་བགོ་འགྲེམ་བྱས་ཡོད་པས་མི་རེ་ལ་སོ་སོའི་འདོད་མོས་ལྟར་གྱོས་ཆས་མི་འདྲ་བ་བདུན་རེ་ཕུལ་ཞིང་། བྱེད་སྒོ་དེའི་སྐབས་ཁྱོན་གྱོན་ཆས་ ༢༨,༠༠༠ ལྷག་བགོ་འགྲེམ་བྱས་ཡོད་པ་དང་། དེའི་ནང་ཕྲུ་གུའི་རྩེ་ཆས་དང་། གཟན་གཡོལ། ཉལ་ཆས། ལྷམ། ཕོ་མོའི་དབྱར་དགུན་གྱི་གྱོན་གོས་སོགས་ཡོད་ཅིང་། དེ་དག་ནི་གཏོང་ཕོད་ཅན་གྱི་མི་སྒེར་བ་དང་། ཚོགས་པ་སོགས་ཀྱིས་ཞལ་འདེབས་གནང་བ་ཤ་སྟག་ཡིན་པ་རེད།
མིག་བརྟག་དཔྱད་དང་སོ་གཙང་བཟོའི་ལས་གཞི།
ཚོགས་པའི་མིག་བརྟག་དཔྱད་ཀྱི་ལས་གཞིའི་འོག མི་གྲངས་ ༡༢༤ ལ་རིན་མེད་མིག་བརྟག་དཔྱད་དང་། དེ་དག་ལས་མི་གྲངས་ ༡༧ ལ་རིན་མེད་མིག་སྨན་དང་། མི་གྲངས་ ༡༠༢ ལ་རིན་མེད་མིག་ཤེལ་མཁོ་སྤྲོད་ཞུས་ཡོད། ད་དུང་ཚོགས་པའི་སོ་གཙང་བཟོ་དང་བཟོ་བཅོས་ཀྱི་ལས་འཆར་འོག མི་གྲངས་ ༡༡༨ ལ་རིན་མེད་སོ་བརྟག་དཔྱད་དང་། གཙང་བཟོ། དེ་བཞིན་བཟོ་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད།
འདི་ལོའི་ལས་གཞི་འདིས་དྷ་སར་ཡོད་པའི་གྲྭ་བཙུན་དང་། རྒན་གོན། མི་མང་། དེ་བཞིན་སྦིར་ས་གནས་སུ་གནས་སྡོད་ཧི་མ་ལ་ཡའི་གྲྭ་བཙུན་སོགས་མི་གྲངས་ ༤༢༡ ཙམ་ལ་གོང་གསལ་ལས་གཞི་དེ་དག་གིས་ཕན་ཐོགས་གང་ལེགས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ནས་བཟུང་ལྷ་ཚོགས་པས་ལོ་ལྟར་དྷ་སའི་ཉེ་འཁོར་དུ་གནས་སྡོད་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་རིན་མེད་མིག་བརྟག་དཔྱད་ཀྱི་མཐུན་རྐྱེན་སྦྱོར་གྱིན་ཡོད་ཅིང་།སོ་གཙང་བཟོའི་ལས་གཞི་ནི་སྤྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་བྱས་ཤིང་། ལས་གཞི་འདི་ནི་ས་གནས་ཀྱི་སོ་དང་མིག་གི་སྨན་དཔྱད་ཁང་དང་། ཚོགས་པའི་ཁྱད་ལས་དང་བླངས་བ་རྣམས་དང་མཉམ་ལས་ཀྱིས་སྒྲུབ་ཀྱིན་ཡོད་པ་རེད།
འབྲེལ་གཏུག་དུས་དེབ།
འབྲེལ་གཏུག་དུས་དེབ་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མི་ཚོའི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་ཤེས་རྟོགས་གསལ་པོ་ཡོང་ཆེད་དང་། སྨྲ་བརྗོད་རང་དབང་བྲལ་བའི་བོད་མི་ཚོའི་མགྲིན་ཚབ་པ་ལྟ་བུར་འགྱུར་ཐུབ་པར་འབད་བརྩོན་བྱེད་ཀྱིན་ཡོད།
འདི་ལོར་ང་ཚོས་འབྲེལ་གཏུག་དུས་དེབ་གྲངས་༡༡,༡༠༠ པར་སྐྲུན་དང་རིན་མེད་འགྲེམ་སྤེལ་བྱས་ཡོད་ཅིང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཚོགས་སྡེ་ཁག བོད་པའི་སློབ་གྲྭ་ཁག། གཞིས་ཆགས་ཁག མི་སྒེར་སོགས་ལ་སྦྲག་ཐོག་ནས་གཏོང་བ་དང་། ས་གནས་ས་ཐོག་རང་ལ་ཤུགས་ཆེན་འགྲེམ་སྤེལ་བྱས་ཡོད་ཅིང་། དུས་དེབ་ནི་མཁོ་མངགས་གནང་མཁན་སྒེར་བ་དང་། རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག། རྒྱ་གར་ནང་གི་གཞུང་ཚབ་ཁག་སོགས་ཐག་རིང་སར་སྦྲག་ཐོག་དང་། ཉེ་སར་སྐྱེལ་མཁན་མངག་གཏོང་གིས་རིན་མེད་འགྲེམ་སྤེལ་བྱེད་བཞིན་ཡོད། དུས་དེབ་འདི་བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་མཐུད་སྟེ་འགྲེམ་སྤེལ་ཆེས་ཆེར་འགྲོ་བཞིན་པའི་ཨིན་ཡིག་གི་དུས་དེབ་གཅིག་པུ་དེ་ཡིན་ཞིང་། དེའི་ནང་བོད་མིའི་གནས་སྟངས་དང་དྷ་རམ་ས་ལའི་གནས་ཚུལ་ངོ་སྤྲོད་དང་དྲིལ་བསྒྲགས། དེ་བཞིན་༧གོང་ས་མཆོག་གི་མཛད་འཕྲིན་འགོད་སྤེལ་བྱེད་ཀྱིན་ཡོད། འདི་ལོར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དང་བླངས་བ་ ༣༣ ལྷག་དང་། ལྷའི་ལས་བྱེད་སོགས་ཀྱིས་བོད་དོན་དང་འབྲེལ་བའི་དམིགས་བསལ་གསར་འགྱུར་དང་རྩོམ་ཡིག་ ༡༥༡ འགོད་སྤེལ་བྱས་ཡོད་པ་དང་། ལྷར་པར་མང་གཙོའི་གོ་རྟོགས་གོང་འཕེལ་སླད། འདི་ལོར་ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་སྐོར་གྱི་གསར་གནས་དང་བཅར་འདྲི་སོགས་ཁྱབ་སྤེལ་བྱེད་རྒྱུར་གཙོ་འདོན་བྱས་ཡོད་ཅིང་། ད་དུང་ང་ཚོས་དམིགས་བསལ་གྱི་བརྗོད་གཞི་ “ཐུན་མིན་འོས་བསྡུ” ཞེས་པ་འདོན་སྤེལ་བྱས་ཤིང་། དེས་སྤྱི་ཟླ་གསུམ་པའི་འོས་བསྡུ་ལས་རིམ་ལ་ཁྱབ་ཚད་ཆེན་པོས་གོ་རྟོགས་གོང་འཕེལ་བཏང་ཐུབ་པ་བྱུང་ཡོད།
ད་ལོ་ནས་འགོ་བཟུང་སྟེ་པར་ཐེངས་རེེར་མི་སྣ་རེའི་ལོ་རྒྱུས་འགོད་རྒྱུའི་འགོ་འཛུགས་བྱས་ཡོད། ཟླ་རེར་མི་ ༤༠༠༠ ཙམ་གྱིས་བལྟ་བཞིན་པའི་དྲ་གནས་www.contactmagazine.net འདི་ལ་དུས་ཐོག་ཏུ་འགོད་སྤེལ་བྱེད་བཞིན་ཡོད་ལ། དེ་བཞིན་འབྲེལ་གཏུག་དུས་དེབ་ PDF བཟོས་ཏེ་ཟླ་རེ་བཞིན་མི་མང་གིས་མཐོང་སར་ http://issuu.com/; ཞེས་པར་འཇོག་གི་ཡོད་ཅིང་། དེར་བལྟ་མཁན་ཟླ་རེ་ལ་མི་གྲངས་ ༦,༡༩༤ ཙམ་ཡོང་བཞིན་ཡོད།
འཐུང་ཆུ་གཙང་བཟོའི་ལས་འཆར།
ཕྱི་ལོ་ ༢༠༡༠ ནས་བཟུང་ལྷ་ཚོགས་པས་ཚོགས་སྡེ་མི་འདྲ་བ་ ༢༤ ནང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱིས་ཁྱོན་མི་གྲངས་ ༡༣,༧༠༠ བརྒལ་བར་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་རྒྱུའི་ཕན་ཐོགས་བྱུང་ཡོད་ཅིང་། ལས་འཆར་འདིའི་དམིགས་ཡུལ་ནི་མི་རྣམས་ཀྱིས་རིན་མེད་ཆུ་གཙང་མ་ལོངས་སུ་སྤྱོད་ཐུབ་པར་བཟོ་རྒྱུ་དང་། དེའི་སྟབས་ཀྱིས་མ་འོངས་པར་མང་ཚོགས་ཚོའི་འཕྲོད་བསྟེན་ཡར་རྒྱས་དང་བདེ་ཐང་ཡོང་བར་ཕན་ཐོགས་ཡོང་ཆེད་དུ་ཡིན་ཞིང་།
ལོ་འདིར་དེ་སྔོན་ང་ཚོས་བཙུགས་ཟིན་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་ལ་བདག་གཅེས་སླད། འབྲེལ་ཡོད་མི་སྣ་ཆེད་གཏོང་གིས་ཆུ་ཚགས་འཕྲུལ་ཆས་ཡོད་ཚད་བཟོ་བཅོས་དང་། ཆུ་ཚགས་བྱེད་ཆ་ཤས་གཙོ་བོ་གསུམ་བརྗེ་པོ་རྒྱག་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པ་རེད། གཞན་ཡང་འདི་ལོར་ང་ཚོས་འཐུང་ཆུ་གཙང་བཟོའི་ལས་འཆར་འདིར་ཕན་ནུས་ཇི་བྱུང་སྐོར་ལ་ ཁྱད་ལས་ཞིབ་འཇུག་པས་འགན་ཁུར་འོག། གོ་ལའི་ཟས་བཅུད་དང་འཕྲོད་བསྟེན་སྐོར་གྱི་དམིགས་བསལ་མི་མང་གི་ཟས་བཅུད་འཕྲོད་བསྟེན་དང་ཟས་རིགས་ཀྱི་སྲིད་བྱུས་སྐོར་ཉམས་ཞིབ་གནང་མཁན། ང་ཚོའི་དང་བླངས་ལས་བྱེད་ཨོ་སི་ཁྲུའུ་ལི་ཡ་ནས་ཡིན་པའི་བུ་མོ་ཨ་ཤེ་ལི་སུ་མར་སི་(Ashley Summers)ལགས་དང་། ཌན་མག་ནས་ཡིན་པའི་བུ་མོ་ཊན་ནི་ཁེ་ལཱ་སོན་(Tine Niklasson)རྣམ་གཉིས་ཀྱིས་ཞིབ་འཇུག་ཆ་ཚང་བྱས་ཏེ་ལས་འཆར་དེའི་ཐོག་སྙན་ཐོ་ཞིག་བཏོན་ཡོད། ཁོང་གཉིས་ཀྱིས་ཞིབ་འཇུག་བྱས་པའི་འགྲུབ་དོན་སྙན་ཐོ་ལྟར་ན། དགེ་རྒན་བརྒྱ་ཆ་ ༦༠ ཡིས་འཐུང་ཆུ་གཙང་བཟོ་བྱེད་སའི་འཕྲུལ་ཆས་གསར་འཛུགས་བྱས་པའི་རྗེས་སུ་འཛིན་གྲྭར་ཞུགས་མཁན་སློབ་ཕྲུག་སྔར་ལས་ཇེ་མང་དུ་ཕྱིན་སོང་ཞེས་གསུངས་འདུག་པ་དང་། སློབ་ཕྲུག་བརྒྱ་ཆ་ ༧༩ ཡིས་གཙང་བཟོ་བྱས་པའི་ཆུ་ལོངས་སུ་སྤྱོད་རྒྱུ་བྱུང་རྗེས་ཁོང་ཚོའི་གཟུགས་པོ་བདེ་ཐང་དང་འཕྲོད་བསྟེན་ཡར་རྒྱས་ཕྱིན་སོང་ཞེས་ལན་འདེབས་གནང་འདུག
ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ།
ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་རོགས་རམ་དགོས་ངེས་ཅན་ཁྱོན་མི་གྲངས་ ༥༠ ནས་ ༦༠ བར་ལ་ བདུན་རེའི་གཟའ་སྤེན་པ་དང་ཉི་མ་ཕུད། ཉིན་ལྟར་གུང་ཚིགས་འབུལ་བཞིན་པ་ལྟར་འདི་ལོར་ཉིན་གུང་ཞལ་ལག་མཆོད་མཁན་གསར་པ་ ༧༩ ཡིས་ཐོ་འགོད་བྱས་པ་ལྟར་ང་ཚོས་ཉིན་ལྟར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱར་ཡོད། ཕྱི་ལོ་ ༢༠༡༡ ལོར་སྤྱི་ཐབ་སྒོ་ཕྱེས་པ་ནས་བཟུང་ད་ལྟའི་བར་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༤༠༨ ལ་ཕན་ཐོགས་བྱུང་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་ ༡༢ པའི་ནང་ང་ཚོས་སྤྱི་ཐབས་ཀྱི་ཞབས་ཞུའི་ཡར་རྒྱས་དང་ཕན་ཐོགས་ཇི་ལྟར་ཡོང་གི་ཡོད་མེད་སྐོར། དང་བླངས་པ་(སྤྱི་ཚོགས་ཞིབ་འཇུག་ཁྱད་ལས་པ་ཐྲོ་ཌི་ཌལིའུ་རཱལ་སི་(Todd W Rawls, a survey sociologist) ལགས་ཀྱིས་སྤྱི་ཐབ་ནང་ཞལ་ལག་མཆོད་མི་གྲངས་ ༤༠ སྐོར་ཞིག་ལ་ཞིབ་འཇུག་གནང་སྟེ། ཁོང་གི་སྙན་ཐོ་ལྟར་ན་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༩༨ ཡིས་ལྷའི་སྤྱི་ཐབས་ཀྱི་ཞལ་ལག་གི་རྣམས་གྲངས་དང་། འཚོ་བཅུད་སོགས་ཀྱི་སྤུས་ཚད་ཀྱི་ཐད་ནས་བློ་ཁ་ཁེངས་པ་མ་ཟད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ལུགས་འཁོད་འདུག
བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲ་ཚིགས་ཀྱི་ལས་འཆར།
བོད་ཀྱི་སྐད་ཡིག་དང་ལེགས་བྱང་གཅེས་སྲུང་དང་དར་སྤེལ་གྱི་ལས་འཆར་འོག ཡིག་ངག་གཉིས་ཐོག་ཏུ་ཡོད་པའི་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གསུང་བཤད་དང་། གསུང་རྩོམ། སྒྲ་ལྡན་གསུང་བཤད། སྐུ་པར། བརྙན་པར་སོགས་བསྡུ་རུབ་ཀྱིས་གང་ཉིད་ཀྱི་དྲ་ཚིགས་ཐོག་འགོད་སྤེལ་བྱེད་མུས་ཡིན་སྟབས། ཆ་སྙོམས་ཟླ་རེར་ལྟ་ཀློག་བྱེད་མཁན་མི་གྲངས་ ༦༠༠༠ ལྷག་ཙམ་ཆགས་ཀྱི་འདུག འདི་ལོར་རིན་པོ་ཆེའི་གསུང་བཤད་དང་བཀའ་སློབ་བོད་ཡིག་ནང་སྒྲ་ཕབ་བྱས་ཟིན་པ་ཤོག་གྲངས་ ༡༧༦ དང་། རིན་པོ་ཆེའི་དྲ་ཐོག་ཏུ་བཀོད་ཟིན་པའི་ཤོག་གྲངས ༡༥ དང་། ཨིན་ཡིག་ནང་སྒྲ་ཕབ་བྱས་ནས་རིན་པོ་ཆེའི་དྲ་ཐོག་ཏུ་བཀོད་ཟིན་པ་ཤོག་གྲངས་ ༣༩ ཁོང་གིས་གསུངས་པའི་ལེགས་བཤད་ ༣༠༠ ཙམ་དྲ་ཐོག་ཏུ་བཀོད་ཡོད་ཅིང་། དེ་རིང་བར་རིན་པོ་ཆེའི་དྲ་གནས་ཐོག་བོད་ཨིན་གཉིས་ནང་ཡིག་ཐོག་གསུང་བཤད་སོགས་གྲངས་༧༠༠ ལྷག་དང། སྒྲ་ལྡན་གསུང་བཤད་༨༨༢ འགོད་སྤེལ་བྱས་ཟིན་པ་དང་། གསུང་བཤད་དང་བཀའ་སློབ་ ༡༠༠ ལྷག་ཡུ་ཋུབ་(Youtube) བརྙན་པར་ནང་འགོད་སྤེལ་བྱས་ཡོད་ལ། སྐུ་པར་ ༡,༡༠༨༥ རིན་པོ་ཆེའི་དྲ་ཐོག་དཔར་མཛོད་དུ་འགོད་སྤེལ་བྱས་ཡོད་པ་རེད། ལྷག་པར་ཡུ་ཋུབ་(Youtube) ནང་ཡོད་པའི་བརྙན་ལྡན་གསུང་བཤད་དང་བཀའ་སློབ་ལྟ་མཁན་དེ་རིང་བར་ཧ་ལམ་ ༡༠,༠༠༠༠ ཟིན་གྱི་ཡོད་ཅིང་། སྒྲ་སྤྲིན་ (Sound cloud) ནང་བཅུག་ཡོད་པའི་རིན་པོ་ཆེའི་སྒྲ་ལྡན་གསུང་བཤད་དང་། བཀའ་སློབ་ལ་རྒྱུན་དུ་ཉན་མཁན་ ༢༠,༠༠ ཡན་ཟིན་པ་དང་། ད་ལྟའི་བར་ ༨༢,༠༠༠ བྱུང་ཡོད་པ་རེད།
དེ་བཞིན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་བསྟུན། རིན་པོ་ཆེ་མཆོག་གི་གསུང་བཤད་དང་། གསུང་རྩོམ། བཅའ་འདྲི་ཞུས་པའི་བཀའ་ལན་སོགས་གལ་ཆེན་ཁག་ཕྱོགས་བསྡུས་བྱས་པའི་གསུང་འབུམ་གླེགས་བམ་དེབ་ཕྲེང་བདུན་པ་ཤོག་གྲངས་ལྔ་བརྒྱ་ཡོད་པ་དབུ་འབྱེད་ཞུས་ཤིང་། དཔེ་དེབ་དེ་ནི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དཔར་སྐྲུན་དང། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་ལགས་ཀྱིས་ཞུ་དག་དང་ཕྱོགས་སྒྲིག་གནང་བ་ཞིག། དོན་གཉེར་ཅན་རྣམས་ལ་རིན་མེད་འབུལ་རྒྱུར་པར་ཐེངས་དང་པོར་པོད་ ༥༠༠ དཔར་ཡོད་པ་རེད།
ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ།
ལྷའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་འོག་འདི་ལོར་དྷ་སར་ཁོར་ཡུག་གཙང་བཟོའི་བྱ་འགུལ་ཐེངས་གཉིས་གོ་སྒྲིག་ཞུས་པ་དང་། དང་པོ་དེ་བོད་ཀྱི་བདེ་རྩ་ (Tibet Charity) དང་མཉམ་འབྲེལ་གྱིས་དྷ་ས་མེ་གྷན་ཁུལ་དུ་ཁོར་ཡུག་གཙང་བཟོ་བྱས་ཏེ་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་པ་དང་། གཉིས་པ་ནི་དྷ་སའི་ས་གནས་འགོ་འཛིན་ལས་ཁུངས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁག་དང་མཉམ་དུ་དྷ་ས་མེ་གྷན་ནས་གད་རྙིག་ཧ་ཅང་ཕོན་ཆེན་བསྡུ་རུབ་ཀྱིས་གཙང་བཟོ་བྱས་པ་རེད་ལ། ཚོགས་པས་ས་གནས་ཀྱི་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་གྲོང་སྡེ་འདི་གཙང་མ་དང་། སྔོ་ལྗང་ཅན་དུ་ཉར་རྒྱུར་ཆེད་འདས་པའི་ལོ་ཤས་ནས་བཟུངས་ལས་དོན་སྒྲུབ་མུས་ཡིན།
དེར་མ་ཟད་ལྷའི་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཐོག་ནས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་ (www.tibetnature.net) སྟེ་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་དང་ཤེས་བྱ་བརྒྱུད་ནས་མི་མང་ལ་ཁོར་ཡུག་སྐོར་གོ་རྟོགས་སྤེལ་གྱི་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བར་ཟླ་རེེར་ལྟ་ཀློག་གནང་མཁན་ ༤༠༠༠ ལས་བརྒལ་གྱི་ཡོད་པ་རེད།
ཤེས་ཡོན་སྐོར་གསུང་བཤད་གོ་སྒྲིག།
ལས་འཆར་འདིའི་འོག་ནས་ལོ་འདིར་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་མཉམ་ལས་ཀྱིས་བྱིས་པའི་འབྲི་ཀློག་གོང་འཕེལ་སླད་བྱ་འགུལ་ཐེངས་གཉིས་གོ་སྒྲིག་ཞུས་ཡོད་པ་དང་། ང་ཚོའི་ལས་གཞི་དེའི་ནང་ཟབ་ཁྲིད་འགན་འཁུར་བ་གཙོ་བོ་ནི དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཟུར་པ་འཇམ་དབྱངས་རྒྱལ་མཚན་ལགས་དང་། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་སོགས་ཡོད་ཅིང་། ལས་གཞི་དང་པོ་ནི་འཛམ་གླིང་གི་སྒྲུང་གཏམ་ཉིན་མོ་སྲུང་བརྩི་ཞུས་པར་ཕ་མ་དང་ཕྲུ་གུ་ ༣༠༠ ལྷག་ཙམ་གྱིས་ཟབ་སྦྱོང་འདིའི་ཆ་ཤས་བླངས་ཤིང་། བྱིས་པའི་སྒྲུང་དེབ་ ༡༠༠༠ བརྒལ་བ་རིན་མེད་འགྲེམ་སྤེལ་བྱས་ཡོད་པ་དང་། སླར་ཡང་ཕྱི་ཟླ་དྲུག་པའི་ནང་ང་ཚོས་བྱིས་པའི་འབྲི་ཀློག་གོང་འཕེལ་སླད་བྱ་འགུལ་གཉིས་པ་དེ་གོ་སྒྲིག་བྱས་ཤིང་། སྐབས་འདིར་ཕ་མ་ ༤༢ ལ་བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་བའི་ཐབས་ལམ་སྐོར་ལ་དམིགས་པའི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།
ད་དུང་ང་ཚོས་རིག་གཞུང་བརྗེ་རེས་གནང་མཁན་གྱི་ཕྱི་རྒྱལ་སློབ་ཕྲུག་ཚོ་ཁག་དང་ཁྱད་ལས་པའི་ཚོ་ཁག་མི་འདྲ་བ་མང་པོར་ནང་ཆོས་ཀྱིས་མཚོན་པའི་བརྗོད་གཞི་སྣ་མང་གི་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཐེངས་གསུམ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་གསུང་བཤད་ཐེངས་ཁ་ཤས་གོ་སྒྲིག་ཞུ་ཐུབ་པ་བྱུང་པ་ཡོད།
རིག་གཞུང་བརྗེ་རེས་ཀྱི་ལས་གཞི།
ལས་འཆར་འདིའི་འོག་ང་ཚོས་མཐོ་སློབ་དང་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོ་ཁག་མི་འདྲ་བ་ ༡༣ ལ་རིག་གཞུང་བརྗེ་རེས་ཀྱི་གོ་སྒྲིག་བྱས་ཤིང་། རྒྱབ་ཁབ་འགའ་ཤས་ནས་ཆེད་དུ་ཕེབས་པའི་ཆ་ཤས་ལེན་མཁན་སློབ་ཕྲུག་དང་ཁྱད་ལས་པ་བསྡོམས་པའི་ ༡༤༢ བྱུང་ཡོད་པ་དང་། སྨན་གྱི་ཁྱད་ལས་པ་རྣམས་ཀྱིས་ང་ཚོས་མིག་དང་སོ་ལ་བརྟག་དཔྱད་དང་འབྲེལ་བའི་འཕྲོད་བསྟེན་གྱི་ལས་གཞི་ལ་དང་བླངས་ཀྱིས་ཞབས་ཞུ་གནང་ཞིང་། ཕྱི་རྒྱལ་གྱི་སློབ་མ་མང་ཆེ་བས་ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་ཀྱི་ཨིན་ཡིག་དང་། ཧྤ་རན་སིའི་སྐད། རྒྱ་སྐད་སོགས་ཡར་རྒྱས་ཡོང་བར་རོགས་རམ་གནང་ཞིང་། དེ་དང་མཉམ་དུ་རིག་གཞུང་བརྗེ་རེས་སོགས་བྱས། དེར་མ་ཟད་ཁོང་ཚོས་དང་བླངས་ཞབས་ཞུ་གནང་བའི་ཞོར་དུ་བོད་ཀྱི་རིག་གཞུང་དང་། ནང་ཆོས། བོད་སྨན། ད་ལྟའི་བོད་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་སླད་བོད་རིགས་ཀྱི་ཚོགས་སྡེ་ཁ་ཤས་ལ་གཟིགས་སྐོར་གནང་བ་དང་།
དེ་བཞིན་ང་ཚོས་ཀྱང་མཁས་དབང་སོགས་གདན་དྲངས་ནས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གོ་སྒྲིག་དང་། ཁོང་ཚོ་དང་ལྷན་དུ་ང་ཚོའི་ཡུལ་སྲོལ་གོམས་གཤིས་དང་། རིག་གཞུང་། ཆོས་ལུགས་སོགས་ཀྱི་སྐོར་བརྗེ་རེས་དང་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་གང་ལེགས་བྱུང་ཡོད་པ་རེད།
དང་བླངས་བའི་གོ་སྐབས།
ཉིན་ལྟ་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ལ་ཆ་སྙོམས་དང་བླངས་བ་ ༡༥ ནས་ ༢༠ ཙམ་གྱིས་རོགས་རམ་དང་ཆ་ཤས་ལེན་བཞིན་ཡོད་པ་དང་། དབྱར་དུས་ཆ་སྙོམས་ཉིན་རེར་དང་བླངས་བ་ ༢༥ ནས་ ༥༠ ཙམ་ཡོང་གི་ཡོད་པ་རེད། འདི་ལོར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བའི་ཞབས་ཞུ་སྒྲུབ་མཁན་གཞན་ཕན་ལྷག་བསམ་ཅན་བསྡོམས་པའི་ ༥༨༧ དང་ལྷན་དུ་ང་ཚོས་ཞབས་ཞུའི་ལས་དོན་འདྲ་མིན་བསྒྲུབས་ཡོད། དེས་ན་ང་ཚོ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དང་བླངས་བར་སྣེ་ལེན་དང་གོ་སྐབས་གོ་སྒྲིག་བྱེད་ཐུབ་མཁན་གྱི་ཚོགས་སྡེ་ཆེ་ཤོས་དེ་ཡིན་པ་རེད།
ང་ཚོས་འཛམ་གླིང་གི་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བ། སྦྱོང་བརྡར་ཡོད་མེད་ལ་མ་བལྟས་པར་དང་བླངས་བྱེད་རྒྱུའི་གོ་སྐབས་གང་ཐུབ་སྐྲུན་གྱིན་ཡོད་ཅིང་། དང་བླངས་བ་མང་ཆེ་བ་ང་ཚོ་དང་ལྷན་དུ་ཐད་ཀར་ཞབས་ཞུ་སྒྲུབ་ཀྱིན་ཡོད་ལ། འགའ་ཤས་བོད་པའི་སྤྱི་ཚོགས་ཀྱི་ཚོགས་སྡེ་གཞན་ལ་འབྲེལ་མཐུད་ཀྱིས་ཞབས་ཞུའི་ལས་དོན་བྱེད་པར་གཏོང་གིན་ཡོད།
དེར་མ་ཟད་ད་དུང་ང་ཚོས་ལོ་ལྟར་དང་བླངས་བའི་འཇོན་ནུས་ལ་གཞིགས་པའི་ཞབས་ཞུ་མི་འདྲ་བའི་གོ་སྐབས་འབུལ་གྱི་ཡོད། ང་ཚོས་སྤྱི་ཚོགས་ཞབས་ཞུ་ཁག་མུ་མཐུད་ལེགས་གྲུབ་དང་ལམ་ལྷོང་ཡོད་ཆེད་དང་བླངས་བ་ནི་མེད་དུ་མི་རུང་བ་ཆགས་ཡོད་པ་རེད།
ཤར་ནུབ་ཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན།
འདི་ལོའི་ཕྱི་ཟླ་ ༠༩ ཚེས་ ༢༣ ནས་ ༢༥ བར་ལྷ་ཚོགས་པས་ཤར་ནུབ་ཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་པ་དང་། ཨ་རི་ནས་ཁྱད་ལས་སྨན་པ་བཅུ་དང་། དེ་བཞིན་བོད་ཀྱི་བདེ་ལེགས་སྨན་ཁང་གི་སྨན་པ་ལྔ། བོད་ཀྱི་སྨན་རྩིས་ཁང་ནས་སྨན་པ་གསུམ་བཅས་ཉིན་གསུམ་རིང་ ༢༠༡༦ ཟླ་ ༡༠ ཚེས་ ༢༣ ནས་ཚེས་ ༢༥ བར་ཉིན་གསུམ་རིང་ལྷ་ཞི་བདེ་ཚོགས་ཁང་དུ་ཤར་ནུབ་ཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན་ཚོགས་ཡོད་པ་རེད།
ཚོགས་འདུ་འདི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་། བདེ་ལེགས་སྨན་ཁང་། ནིའུ་ཨོར་ལིན་སིའི་ཨོཤ་ནར་སྨན་ཁང་ཁག ལུ་ཛི་ཡ་ན་མི་སི་སི་པིའི་འཕྲོད་བསྟེན་སྒྲིག་འཛུགས། ལུ་ཛི་ཡ་ན་ཧི་མཱ་ལ་ཡའི་ཚོགས་སྡེ་བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་མ་ཟད། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་། ས་གནས་རྒྱ་གར་སྨན་པ་སོགས་གདན་ཞུས་ཀྱིས་གོང་གསལ་ཚོགས་སྡེ་དང་སྨན་ཁང་ཁག་ནས་སྨན་པ་གྲངས་ཉི་ཤུ་ལྷག་འདུ་འཛོམས་བྱུང་ཡོད་པ་དང་། དེ་བཞིན་བོད་པའི་མཁས་དབང་སོགས་གདན་ཞུས་ཀྱིས་འབྲེལ་ཡོད་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།
ད་ཐེངས་སྨན་གྱི་ཚོགས་ཆེན་འདི་ཧ་ཅང་ལེགས་གྲུབ་བྱུང་ཞིང་། ང་ཚོས་ཚོགས་འདུ་འདི་ལྟ་བུ་ལོ་ལྟར་གོ་སྒྲིག་བྱ་འཆར་ཡོད།
ཟས་བཅུད་སྐོར་སློབ་སྟོན།
ཕྱི་ཟླ་ ༠༤ པའི་ནང་། སུད་སི་ནས་ཡིན་པའི་ཟས་བཅུད་སྐོར་གྱི་ཁྱད་མཁས་པ་མཱར་རི་ཡ་(Maria)ལགས་ཀྱིས་་ང་ཚོའི་སློབ་མ་ཚོར་ཟས་བཅུད་སྐོར་རྨང་གཞིའི་སློབ་ཁྲིད་དང་། ལྟོ་བའི་འཇུ་ནུས་ཀྱི་ལུས་ཁམས་རིག་པ་དང་། འཚོ་བཅུད། གཏེར་དངོས། བཅུད་རྫས། ཟ་འཐུང་གི་གོམས་གཤིས་སོགས་ཀྱི་སྐོར་སློབ་ཁྲིད་གནང་ཡོད་པ་རེད།
ཚོགས་པའི་འགན་འཛིན་བྱང་ཨ་རེར་སྐོར་བསྐྱོད་གནང་བ།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་དུས་ཡུན་ཟླ་བ་གཅིག་ཙམ་གྱི་རིང་ཨ་རི་དང་མེག་སི་ཁོ་ཁུལ་དུ་ཆེད་བསྐྱོད་ཀྱིས་དེ་སྔོན་ནས་ང་ཚོའི་ཚོགས་པ་དང་འབྲེལ་བ་ཆེན་པོ་ཡོད་པའི་ཚོགས་པ་འདྲ་མིན་དང་། གཙུག་ལག་སློབ་གཉེར་ཁང་། མི་སྒེར་པ་སོགས་མང་པོ་ཞིག་ལ་ཆེད་བཅར་ཐུག་འཕྲད་ཀྱིས་ལག་རྟགས་ཕུལ་ནས་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་དང་། རོགས་རམ། མཉམ་ལས་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཚད། འདས་པའི་མཉམ་ལས་ཀྱི་ལས་དོན་ལ་བསྐྱར་ཞིབ་དང་མ་འོངས་པར་ལས་འཆར་གསར་པའི་མཉམ་ལས་བྱེད་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་གནང་ཐུབ་ཡོད་པ་རེད།
དེ་བཞིན་ཚོགས་པ་གཞན་མང་པོར་ཆེད་བཅར་དང་གནད་ཡོད་མི་སྣ་མང་པོར་ཐུག་འཕྲད་ཀྱིས་འབྲེལ་ལམ་གསར་འཛུགས་ཐུབ་པ་བྱུང་བ་དང་། ཚོགས་སྡེ་མང་པོས་འགན་འཛིན་ངག་དབང་རབ་རྒྱས་ལགས་ལ་མགྲོན་འབོད་སྣེ་ལེན་གནང་ཞིང་། སྐབས་དེར་ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་ལྷན་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ཚོགས་པའི་ལས་དོན་ངོ་སྤྲོད། ཚོགས་པའི་ངོ་སྤྲོད་ཡིག་ཆ་ཁག་དང་འབྲེལ་གཏུག་དུས་དེབ་བཅས་འགྲེམ་སྤེལ་བྱེད་པའི་གོ་སྐབས་གང་ལེགས་བྱུང་འདུག བོད་པའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་ཤོས་གཉིས་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་ཀུན་གླེང་གསར་འགྱུར་ལས་ཁུངས་གཉིས་ཀྱིས་བཅར་འདྲི་བྱས་ཤིང་། དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་རིང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་དོན་ཞིབ་ཕྲ་ངོ་སྤྲོད་དང་། ཨ་རི་དང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཚོགས་པར་རྒྱབ་སྐྱོར་གནང་མཁན་དང་མཉམ་ལས་གནང་མཁན་བཅས་ལ་ཐུགས་རྗེ་ཆེ་བཅས་ཞུས་ཡོད་པ་རེད།
ལྷའི་ཞི་བའི་ཚལ་གྱི་ཚོགས་ཁང་གསར་པ་དབུ་འབྱེད།
འདི་ལོའི་ལྷའི་གལ་ཆེའི་ལས་འཆར་གཞན་ཞིག་ནི་ཚོགས་པའི་ཚོགས་ཁང་གསར་རྒྱག་ལེགས་གྲུབ་བྱུང་སྟེ། བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ལྷའི་ཞི་བའི་ཚལ་གྱི་ཚོགས་ཁང་གསར་པ་དབུ་འབྱེད་དང་རབ་གནས་གནང་ཡོད་པ་རེད། ཚོགས་ཁང་འདི་ནི་ཚོགས་པ་རང་ཉིད་ཀྱི་དགོས་མཁོ་ཆེད་བདེ་སྤྱོད་གཏོང་རྒྱུ་གཙོ་བོར་དམིགས་པ་ཞིག་དང་། དེ་ཡང་ཚོགས་འདུ་དང་། བགྲོ་གླེང་། ཟབ་སྦྱོང་སོགས་ཚོགས་སའི་ཆེད་ཡིན་ཞིང་། མ་འོངས་དཔལ་འབྱོར་འདུ་འགོད་ཆེད་མི་སྒེར་དང་ཚོགས་པ་སོགས་ལ་ཚོགས་འདུ་ཚོགས་ས་ལ་གཡར་རྒྱུར་དམིགས་པ་ཞིག་ཀྱང་ཡིན་པ་རེད།
མ་དངུལ་འདུ་འགོད་ཀྱི་བྱེད་སྒོ།
ཟླ་༩ ཚེས་༧ ཉིན་ཐེངས་དང་པོའི་མ་དངུལ་འདུ་འགོད་ཀྱི་བྱེད་སྒོ་སྤེལ་བ་དང་། དེ་ཡང་ཕོ་ལན་ཌི་རྒྱལ་ཁབ་(Poland)ནས་ཡིན་པའི་ང་ཚོའི་དང་བླངས་བ་ཧེ་ལི་ཊི་ཁྱོ་ཤུག་གཉིས་ཀྱིས་འགན་ཁུར་གོ་སྒྲིག་གནང་བ་དང་། ཁོང་གཉིས་ཀྱིས་ཕྱི་རྒྱལ་དུ་གྲགས་ཆེ་བའི་བྷ་བྷ་ཁིའུ་(BBQ)ཞེས་པའི་ཕྱི་ལུགས་ཀྱི་དམིགས་བསལ་སྟབས་བདེའི་ཞལ་ལག་གི་དུས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད། དང་བླངས་བ་ཁོང་རྣམ་པ་གཉིས་དང་། ལྷའི་ལས་བྱེད་རྣམས་ཀྱིས་མཉམ་ལས་བྱས་ཏེ། ལྷའི་ཞི་བའི་ཚལ་དུ་མི་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱབ་སྐྱོར་གནང་བ་དང་། བྱེད་སྒོ་དེ་ཧ་ཅང་ལེགས་གྲུབ་བྱུང་སོང་།
གཟེངས་རྟགས།
དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག དྷ་སིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཆེན་ཐེངས་དང་པོ་དེ་བསྐོང་ཚོགས་སྐབས། སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཚོགས་པ་ཁ་ཤས་ལ་ཐུགས་རྗེ་ཆེ་ཞུའི་བྱ་དགའ་དང་། སྤྱི་ཚོགས་ཞབས་ཞུའི་བྱ་དགའ། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་སོགས་གཟེངས་བསྟོད་བྱ་དགའ་འདྲ་མིན་གནང་ཡོད་ཅིང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་མཛད་སྒོར་མཉམ་ཞུགས་ཀྱིས་ཚོགས་པའི་སྐུ་ཚབ་གནང་སྟེ་བྱ་དགའ་དེ་བླངས་ཡོད་པ་རེད། ས་གནས་འགོ་འཛིན་གྱིས་ལྷ་ལ་ཁོར་ཡུག་གཙང་བཟོའི་བྱ་དགའ་དེ་ནི་ལྷའི་ལས་བྱེད་དང་། སློབ་མ། དང་བླངས་བ་རྣམས་ཀྱིས་ཁོར་ཡུག་ཉིན་མོ་དང་། སའི་གོ་ལའི་ཉིན་མོ་བཅས་ལ་དུས་ནས་དུས་སུ་དྷ་སའི་གཡས་གཡོན་གྱི་ཁོར་ཡུག་གཙང་བཟོ་དང་། དེ་དག་ལ་མཉམ་ཞུགས་གང་ལེགས་གནང་ཡོད་པ་དེར་ངོས་འཛིན་དང་ཆེ་མཐོང་བྱས་པ་ཡིན་སྐོར་གསུངས་སོང་།
དེར་མ་ཟད་ཚོགས་པས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་ཞིག་ཀྱང་བོད་དང་རྒྱལ་སྤྱིའི་ཁོར་ཡུག་ཆེད་གཙོ་གཉེར་བྱེད་བཞིན་ཡོད་པ་སོགས་གལ་ཆེན་དུ་མཐོང་བས་ཀྱང་ཡིན་འདུག
ཚོགས་པའི་དངུལ་རྩིས།
ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་ལྷའི་ལོ་འཁོར་དངུལ་རྩིས་རྒྱ་གར་གཞུང་གི་དཔྱ་ཁྲལ་གྱི་ཁྲིམས་ཡིག་ Tax Act 1961, Govt ཡི་དོན་ཚན་ 12A (b) ཡི་རྩིས་ཞིབ་སྙན་ཐོ་ལྟར་ན། འདི་ལོར་སྤྱི་ཡོངས་ཀྱི་ཡོང་འབབ་ཧིན་སྒོར་ 98,20,062.37 (ཨ་སྒོར་ $163,667.7) དང་། ཁྱོན་འགྲོ་སོང་ཧིན་སྒོར་ 94,48,025.48) (ཨ་སྒོར་ 157,467.09) ཆགས་ཡོད་པ་དང་། དེའི་ནང་འཛིན་སྐྱོང་ཆེད་འགྲོ་སོང་ཧིན་སྒོར་ 36,31,463.00 (ཨ་སྒོར་ $60,524.38) དང་། ལས་འཆར་ཁག་ལ་ཧིན་སྒོར་ 4,595,944 (ཨ་སྒོར་ $87,974.51)བཅས་ཚུད་ཡོད།
ཞལ་འདེབས།
ཚོགས་པའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་དང་། སློབ་ཕྲུག་དང་དང་བླངས་བ་ཚོར་ལྷའི་ཞི་བའི་ཚལ་དུ་སྡོད་གནས་གོ་སྒྲིག་སོགས་ཀྱི་ཡོང་སྒོ་ལ་བརྟེན་ནས་ཚོགས་པའི་ཉིན་རེའི་ལས་འཆར་ཁག་རང་ཁ་རང་གསོ་ལྟ་བུ་ཆགས་ཡོད་ཅིང་། དཔེར་ན་སྐད་ཡིག་འཛིན་གྲྭ་ཁག་དང་། གློག་ཀླད་འཛིན་གྲྭ། གཞན་ཡང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མང་པོ་ཞིག་རོགས་དངུལ་མེད་པའི་ཐོག་ནས་ལག་བསྟར་ཐུབ་ཀྱིན་ཡོད་ཀྱང་། གལ་ཆེའི་ལས་འཆར་གཞན་ཁག་ཅིག་ཡར་རྒྱས་དང་ལག་བསྟར་བྱེད་པར་གཏོང་ཕོད་ཆེ་བའི་རོགས་ཚོགས་དང་མི་སྒེར་སོགས་ཀྱིས་རྒྱབ་སྐྱོར་མེད་ཐབས་མེད་པ་ཆགས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་དམིགས་བསལ་གྱི་སྤྱི་ཚོགས་ཞབས་ཞུ་དང་། དགོས་ངེས་ཀྱི་ལས་གཞི། དཔེར་ན། ལྷའི་སྤྱི་ཐབ་དང་། འབྲེལ་གཏུག་དུས་དེབ། འཐུང་ཆུ་གཙང་བཟོ། མིག་དང་སོའི་སྨན་བཅོས་ལྟ་རྟོགས། གཉེན་ནད་རེག་དུག་ (HIV) དང་། (AIDS) ལྟ་བུ་དང་། ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་སོགས་ཚུད་ཡོད་པ་རེད།
དེར་མ་ཟད་ང་ཚོས་ད་དུང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ལས་འཆར་དང་བྱེད་སྒོ་གསར་པ་འགོ་འཛུགས་བྱས་པའི་སྐབས་རོགས་དངུལ་སོགས་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
ཐུགས་རྗེ་ཆེ།
ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཕན་ཐོགས་བྱུང་བའི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། ལུའུ་ཛི་ཡ་ན་ཧི་མ་ལ་ཡའི་ཚོགས་པ་དང་། ཐུ་ལན་གཙུག་ལག་སློབ་གཉེར་ཁང་། བོད་ཀྱི་ཐེབས་རྩ། ཐའེ་ཝན་མང་གཙོའི་ཐེབས་རྩ། སུད་སི་བོད་ཀྱི་གྲོགས་པོ་ཚོགས་པ། རི་སི་ཊི་ཁི་པ་ཐི་ཚོགས་པ། ལོ་ཡོ་ལཱ་གཙུག་ལག་སློབ་གཉེར་ཁང་། ཨ་རིའི་རོ་ཊར་སྤྱི་ཚོགས་ཞབས་ཟུ་ཚོགས་པ། ཏཱ་ལི་བླ་མའི་ཐེབས་རྩ། གཞན་ཡང་མི་སྒེར་དང་ཚོགས་སྡེ་ཁག་བཅས་ལ་ང་ཚོའི་ལས་འཆར་ཁག་གི་ཁེ་ཕན་ཐོབ་མཁན་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་གཏོང་ཕོད་དང་ལྷག་བསམ་ཅན་གྱི་རྒྱབ་སྐྱོར་བ་དང་། དང་བླངས་བ་རྣམས་ཀྱིས་ཆ་རྐྱེན་ཞན་པའི་སྤྱི་ཚོགས་ལ་རོགས་རམ་འདི་ལྟ་བུ་གནང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད་པ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་འདི་དག་ཐོན་ཡོང་དུས་ང་ཚོར་ཡང་སེམས་འགུལ་ཆེན་པོ་ཐེབས་བཅུག་སོང་ལ། མ་འོངས་པར་མུ་མཐུད་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་རྒྱུར་བློ་སྤོབས་འཕར་མ་སྟེར་བྱུང་། ཁྱེད་ཚོའི་རྒྱབ་སྐྱོར་དང་མཉམ་ལས་མེད་ན་ང་ཚོའི་ལས་འཆར་ཁག་ལམ་ལྷོང་དང་འདི་ལྟ་བུའི་གྲུབ་འབྲས་ལྡན་པ་ཤིག་ཡོང་མི་ཐུབ་པས་སླར་ཡང་ཐུགས་རྗེ་ཤིན་ཏུ་ནས་ཆེ་ཞུ་བཞིན་ཡོད།
ཕྱི་ལོ་ ༢༠༡༦ ལོའི་ལས་དོན་གྱི་གྲུབ་འབྲས་ཀྱི་གྲངས་ཐོ།
-
ཟླ་རེའི་གྲངས་འབོར་ལྟར་ན་འདི་ལོར་སྐད་ཡིག་འཛིན་གྲྭ་ཁག་ལ་འཛུལ་ཞུགས་གནང་མཁན་ཁྱོན་སློབ་མ་གྲངས་ ༢,༢༡༡ ལ་སྐད་ཡིག་སྣ་ཚོགས་སློབ་ཁྲིད་བྱས་ཡོད།
-
སྐད་ཡིག་འཛིན་གྲྭ་ཁག་ལ་གསར་ཞུགས་སློབ་མ་གྲངས་ ༥༥༠ བྱུང་འདུག།
-
གློག་ཀླད་ཀྱི་རྨང་གཞི་དང་འབྲིང་རིམ་འཛིན་གྲྭར་ཞུགས་མཁན་ཁྱོན་སློབ་མ་གྲངས་ ༨༠ བྱུང་འདུག།
-
ས་གནས་རྒྱ་གར་བ་དང་བོད་མི་སྐྱབས་བཅོལ་བ་རྣམས་ལ་གྱོན་གོས་གྲངས་ ༢༨,༠༠༠ ཙམ་རིན་མེད་དུ་སྤྲད་པ།
-
ཉིན་ལྟར་མི་གྲངས་ ༥༠ ནས་ ༦༠ བར་ལ་བཅུད་ལྡན་ཞལ་ལག་སྤྲོད་ཀྱིན་ཡོད་པ་ལྟར་འདི་ལོར་གསར་དུ་ཐོ་འགོད་བྱེད་མཁན་ཁྱོན་མི་གྲངས་ ༦༩ བྱུང་འདུག
-
བོད་རིགས་སྐྱབས་བཅོལ་བ་དང་། ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་དགོས་མཁོ་ཅན་ཁྱོན་མི་གྲངས་ ༡༢༤ ལ་རིན་མེད་མིག་བརྟག་དཔྱད་དང་། མི་གྲངས་ ༡༧ ལ་རིན་མེད་མིག་སྨན་དང་། མི་ ༡༠༢ ལ་རིན་མེད་མིག་ཤེལ་བཟོས་པ།
-
བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་གྲངས་ ༡༡༨ ལ་རིན་མེད་དུ་སོ་བརྟག་དཔྱད་དང་། གློག་པར། སོ་སྟོང་པ་རྒྱོང་བ། གཙང་བཟོ་བྱེད་པ་སོགས་བྱས་ཡོད།
-
འཛམ་གླིང་ཁོར་ཡུག་ཉིན་མོར་ཁོར་ཡུག་གཙང་བཟོ་དང་འབྲེལ་ཁྱོན་མི་གྲངས་ ༢,༡༠༠ ཙམ་ལ་ཁོར་ཡུག་གི་གལ་གནད་སྐོར་གོ་རྟོགས་སྤེལ་ཡོད།
-
ཁྱོན་སློབ་མ་ ༤༡ ཙམ་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ RC དུས་འགྱང་སོགས་ཀྱི་ཆེད་བོད་ནས་གསར་དུ་འབྱོར་བ་ཡིན་པ་དང་། ཤེས་ཡོན་གྱི་སྡེ་ཚན་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་ངོ་སྤྲོད་རྒྱབ་གཉེར་སྤྲད་ཡོད།
-
རྒྱལ་སྤྱིའི་དང་བླངས་བ་ཁྱོན་མི་གྲངས་ ༥༤༣ ཙམ་དང་མཉམ་ལས་དང་། ལས་ཀ་བཀོད་སྒྲིག་སོགས་བྱས།
-
ཕྱི་རྒྱལ་གྱི་ཚོགས་སྡེ་ཁག་ ༡༣ དང་རིག་གཞུང་བརྗེ་རེས་བྱས་པ་བརྒྱུད། རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་མཁན་སློབ་མ་སོགས་ཁྱོན་མི་གྲངས་ ༡༤༢ བྱུང་འདུག
-
ཟླ་བ་རེར་འབྲེལ་གཏུག་དུས་དེབ་གྲངས་ ༡,༠༠༠ འགྲེམ་སྤེལ་གྱིས་ལོ་གཅིག་ནང་ཁྱོན་འབྲེལ་གཏུག་དུས་དེབ་གྲངས་ ༡༡,༣༠༠ ཙམ་རིན་མེད་འགྲེམ་སྤེལ་བྱས།
-
བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་བའི་བྱེད་སྒོ་གོ་སྒྲིག་ཀྱིས་ཕ་མ་དང་ཕྲུ་གུ་གྲངས་ ༣༤༢ ལྷག་གིས་ཆ་ཤས་བླངས།
-
བྱིས་པའི་སྒྲུང་དེབ་བོད་ཨིན་གཉིས་ནང་ཡོད་པ་ ༡༠༠༠ ལྷག་ཙམ་རིན་མེད་འགྲེམ་སྤེལ་བྱས།
ཕྱི་ལོ་ ༢༠༠༣ ནས་ ༢༠༡༦ ལོའི་ལས་དོན་གྱི་གྲུབ་འབྲས་ཀྱི་གྲངས་ཐོ།
-
སློབ་མ་ ༡༡,༤༢༢ ལ་ང་ཚོའི་སྐད་ཡིག་འདྲ་མིན་གྱི་འཛིན་གྲྭ་ནས་ཁེ་ཕན་ཐོབ་ཡོད།
-
སློབ་མ་ ༢,༩༥༥ ལ་ང་ཚོའི་གློག་ཀླད་འཛིན་གྲྭ་ནས་ཁེ་ཕན་ཐོབ་ཡོད།
-
ཕྱི་རྒྱལ་གྱི་ཤེས་ཡོན་ལྟེ་གནས་ཁང་ཁག་ནས་ཕེབས་པའི་སློབ་མ་ཧ་ལམ་ ༡,༥༨༡ ཙམ་གྱིས་རིག་གཞུང་བརྗེ་རེས་ཀྱི་ལས་ཞིག་ལ་ཆ་ཤས་བླངས་འདུག
-
རྒྱལ་ཁབ་མི་འདྲ་བ་ ༤༢ ལྷག་ནས་དང་བླངས་བ་ ༧, ༤༢༡ བརྒལ་བས་ལྷའི་ལས་དོན་ལ་ཞབས་འདེགས་ཞུས་ཡོད།
-
དཔེ་དེབ་གྲངས ༣༤,༣༤༠ བོད་རིགས་དང་། ས་གནས་རྒྱ་གར་གྱི་སློབ་གྲྭ་དང་། དཔེ་མཛོད་ཁང་སོགས་ལ་ཞལ་འདེབས་ཕུལ་ཡོད།
-
གྱོན་གོས་སྣེ་ཁ་གྲངས་ ༣༨,༠༤༧ ལྷག་བསྡུ་རུབ་ཀྱིས་ཞལ་འདེབས་ཁང་བརྒྱུད་ནས་ཞལ་འདེབས་ཕུལ་ཡོད།
-
ལྷའི་འཐུང་ཆུ་གཙང་བཟོའི་ལས་འཆར་གྱི་འོག ཆུ་ཚགས་འཕྲུལ་ཆས་ ༢༤ གསར་འཛུགས་བྱས་ཡོད་ཅིང་། དེ་དག་གིས་མི་གྲངས་ ༡༣,༣༠༠ བརྒལ་བར་ཁ་ཟས་གཡོ་སྐོལ་གྱི་ཆུ་དང་། འཐུང་ཆུ་གཙང་མར་ལོངས་སྤྱོད་བྱེད་བཞིན་པ་རེད།
-
ལྷའི་མིག་གཙང་བཟོའི་ལས་འཆཪ་གྱི་འོག། མི་གྲངས་ ༥༧༧ ལ་རིན་མེད་མིག་བརྟག་དཔྱད་དང་། མི་ ༤༤༥ ལ་རིན་མེད་མིག་ཤེལ་ཕུལ་ཡོད།
-
ལྷའི་སོ་སྨན་བཅོས་ལྟ་སྐྱོང་གི་ལས་འཆར་འོག མི་གྲངས་ ༦༥༨ ལ་རིན་མེད་མིག་བརྟག་དཔྱད་དང་། གཙང་བཟོ། སོ་སྟོང་པ་རྒྱོང་བ། སོ་སྨན་སོགས་ཀྱི་ཁེ་ཕན་ཐོབ་ཡོད།
-
ཕྱི་ལོ་ ༢༠༠༩ ནས་བཟུང་། འབྲེལ་གཏུག་དུས་དེབ་ ༨༠,༣༠༠ དཔར་སྐྲུན་དང་རིན་མེད་འགྲེམ་སྤེལ་ཞུས་ཡོད།
-
ལྷའི་བསྐུ་མཉེ་སྦྱོང་བརྡར་ལས་མི་གྲངས་ ༡༦༩ སློབ་མཐར་ཕྱིན་ཡོད།
-
ལྷའི་པར་ལེན་སྦྱོང་བརྡར་ནས་མི་གྲངས་ ༦༧ སློབ་ཐོན་བྱུང་ཡོད།
-
ལྷའི་སྤྱི་ཐབ་ནས་དགོས་མཁོ་ཅན་གྱི་མི་གྲངས་ ༥༠ ནས་ ༦༠ ཙམ་ལ་ཉིན་ལྟར་གུང་ཚིགས་ཕུལ་བ་བརྒྱུད་ད་བར་བསྡོམས་པའི་མི་གྲངས་ ༧༢༥ ཙམ་ལ་ཁེ་ཕན་ཐོབ་ཡོད།
-
བོད་ནས་གསར་དུ་འབྱོར་ཞིང་རྒྱ་གར་ནང་དུ་ཡོང་དོན་སློབ་སྦྱོང་ཆེད་ཡིན་ཞེས་ཐོ་འགོད་ཟིན་པའི་ཁྱོན་སློབ་ཕྲུག་གྲངས ༧༧༠ ལ་རྒྱ་གར་གཞུང་གི་ཆ་རྐྱེན་ལྟར། ལྷའི་སྐད་ཡིག་འཛིན་གྲྭ་ཁག་ལ་སློབ་སྦྱོང་བྱེད་བཞིན་ཡོད་པའི་ངོ་སྤྲོད་རྒྱབ་གཉེར་སྤྲད་ཡོད།
-
ཕྱི་ལོ་ ༢༠༡༥ ནས་བཟུང་གོ་སྒྲིག་བྱེད་བཞིན་པའི་ཤེས་ཡོན་དང་སློབ་གསོའི་སྐོར་གྱི་གསུང་བཤད་ཀྱིས། ཕ་མ་དང་སློབ་ཕྲུག་ ༦༩༢ ལ་ཕན་ཐོགས་བྱུང་ཡོད།
-
རྒན་རྒོན་ ༡༣༠ ལ་ལྷའི་རྒན་རྒོན་ལྟ་སྐྱོང་གི་ལས་གཞིའི་ཁེ་ཕན་ཐོབ་ཡོད།
ལྷའི་ལོ་འཁོར་ལས་བསྡོམས་ཞིབ་ཕྲ།
ཕྱི་ལོ་ ༢༠༡༦ ཟླ་ ༠༢ ཚེས་ ༢༠ ཉིན་དཀའ་བ་ཆེད་དུ་བསད་ནས་དང་བླངས་ཞབས་ཞུ་གནང་མཁན་རྣམས་ལ་བོད་ཀྱི་ལོ་གསར་དང་བསྟུན་གསོལ་སྟོན་བཤམས་ཏེ་སྣེ་ལེན་ཞུས།
ཕྱི་ལོ་ ༢༠༡༦ ལོར་འཛམ་གླིང་གི་ས་ཕྱོགས་གང་ནས་ཕེབས་པའི་དང་བླངས་བ་ ༥༨༧ དང་ལྷན་དུ་ལས་དོན་བསྒྲུབས།
ཕྱི་ལོ་ ༢༠༡༦ ཟླ་ ༣ པའི་མཇུག་ཏུ་གོ་ལའི་ཟས་བཅུད་དང་འཕྲོད་བསྟེན་སྐོར་དང་དམིགས་བསལ་མི་མང་གི་ཟས་བཅུད་འཕྲོད་བསྟེན་དང་ཟས་རིགས་ཀྱི་སྲིད་བྱུས་སྐོར་ཉམས་ཞིབ་གནང་མཁན་དང་། ང་ཚོའི་དང་བླངས་ཞབས་ཞུ་བ་ཨོ་སི་ཁྲུའུ་ལི་ཡ་ནས་ཡིན་པའི་བུ་མོ་ཨ་ཤེ་ལི་སུ་མར་སི་(Ashley Summers)ལགས་དང་། ཌན་མག་ནས་ཡིན་པའི་བུ་མོ་ཊན་ནི་ཁེ་ལཱ་སོན་(Tine Niklasson)རྣམ་གཉིས་ཀྱིས་འཐུང་ཆུ་གཙང་བཟོའི་ལས་འཆར་འདིའི་ཕན་ནུས་ལ་ཞིབ་འཇུག་གིས་སྙན་ཐོ་བཏོན་ཡོད།
ལོ་འདིར་ཤེས་ཡོན་དང་འབྲེལ་བའི་ལས་འགུལ་ནང་འཛམ་གླིང་སྒྲུང་གཏམ་ཉིན་མོ་སྲུང་བརྩི་དང་། རིན་མེད་དཔེ་དེབ་འགྲེམ་སྤེལ། དེ་བཞིན་ཁྱད་ལས་པས་གཏམ་བཤད་གོ་སྒྲིག་ཞུ་སྐབས་ཕ་མ་དང་ཕྲུ་གུ་གྲངས་ ༣༠༠ ལྷག་ཕེབས་འདུག་ཅིང་། བྱིས་པའི་སྒྲུང་དེབ་ ༡,༠༠༠ རིན་མེད་འགྲེམ་སྤེལ་བྱས་པ་ཡིན།
ཕྱི་ལོ་ ༢༠༡༦ ཟླ་ ༣ པའི ༢༢ ནས་ཟླ་ ༠༤ བར་ལྷ་ཚོགས་པའི་འགན་འཛིན་སྐུ་ཞབས་ངག་དབང་རབ་རྒྱས་ལགས་ཨ་རི་དང་། མེག་སི་ཁོ་སོགས་ལ་སྐོར་བསྐྱོད་གནང་ཞིང་། ཁོང་གིས་ལྷ་དང་ལྷན་དུ་མཐུན་གྲོགས་མཉམ་ལས་དང་། ལྷའི་ལས་དོན་ཁག་ལ་རྒྱབ་སྐྱོར། དེ་བཞིན་བོད་ཀྱི་གནས་དོན་ལའང་མཐུན་འགྱུར་གནང་བཞིན་པའི་ཚོགས་པ་ཁག་དང་། གཙུག་ལག་སློབ་གྲྭ་སོགས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་གནང་།
ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ནས་ཚེས་ ༩ བར་ལྷའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་དང་། དྲུང་ཆེ་རྡོ་རྗེ་སྐྱིད་གཉིས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནུས་སྟོབས་གོང་འཕེལ (Strengthening Tibetan Civil Society) ཞེས་པའི་ཚོགས་འདུ་ (SOIR-IM,) ཞེས་པའི་ཚོགས་པ་དང་། བོད་ཀྱི་ཐེབས་རྩ་ཁང་། (The Tibet Fund) བོད་ཀྱི་རོགས་སྐྱོར་ཐེབས་རྩ་ཁང་ (Tibet Relief Fund) སོགས་ཀྱིས་དྷེ་ར་རྡུན་བཀྲ་རབ་གླིང་དུ་གོ་སྒྲིག་གནང་བ་དེར་མཉམ་ཞུགས་བྱས།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེས་ ༠༤ ལྷ་ཚོགས་པས་གྱོན་གོས་སྦྱིན་གཏོང་གི་བྱེད་སྒོ་སྤེལ་ཞིང་། གྱོན་གོས་གསར་རྙིང་སྣེ་ཁ་ ༢༨,༠༠༠ ས་གནས་ཀྱི་རྒྱ་གར་དང་བོད་རིགས་ ༣༠༠ ཙམ་ལ་རིན་མེད་འགྲེམ་སྤེལ་བྱས།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེ་ ༠༦ འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་ཆེད། བོད་ཀྱི་བདེ་རྩ་ཁང་དང་མཉམ་འབྲེལ་གྱིས་གཙུག་ལག་ཁང་ཉེ་འཁོར་གྱི་གད་སྙིགས་གཙང་བཟོ་བྱས་ཤིང་། ཚོགས་པའི་ལས་བྱེད་དང་སློབ་ཕྲུག དང་བླངས་བ་སོགས་མི་བརྒྱ་ལྷག་གིས་བྱེད་སྒོ་དེར་མཉམ་ཞུགས་གནང་།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེས་ ༠༦ ཉིན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གདན་ཞུས་ཀྱིས་ལྷའི་ཞི་བའི་ཚལ་གྱི་ཚོགས་ཁང་དབུ་འབྱེད་བྱས། ཚོགས་ཁང་གསར་པ་དེར་མི་ ༣༠ ནས་ ༤༠ བར་གྱི་ཤོང་ཚད་ཡོད་ཅིང་། ཚོགས་འདུ་དང་། ཟབ་སྦྱོང་། བགྲོ་གླེང་སོགས་ཚོགས་ཡུལ་ཆེད་ཡིན་པ་རེད།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེས་ ༠༦ ཉིན་མེ་ཁལ་ཌི་སི་མི་ཐི་ (Michael D Smith) ཡིས་སྣེ་ཁྲིད་གནང་བའི་ཐུ་ལན་གཙུག་ལག་སློབ་གྲྭའི་སློབ་མ་ཚོས་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་མཉམ་ཞུགས་གནང་སྟེ་སྣེ་ལེན་དང་རིག་གཞུང་བརྗེ་རེས་བྱས།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེ་ ༡༨ ཉིན་བཅོས་མིན་གྱི་ལམ་ (Rustic Pathways) ཞེས་པའི་ཚོགས་པ་ནས་ཡིན་པའི་སློབ་མ་ཁག་གཅིག་ལ་ཐེངས་དང་པོར་སྣེ་ལེན་ཞུས་ཤིང་། སློབ་མ་ ༡༥ ཙམ་གྱིས་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་མཉམ་ཞུགས་གནང་།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེས་ ༢༣ ལྷའི་ལས་བྱེད་དང་། སློབ་མ། དང་བླངས་བ་སོགས་ཀྱིས་ས་གནས་བོད་མིའི་བདེ་དོན་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ཁོར་ཡུག་གཙང་བཟོའི་བྱེད་སྒོར་མཉམ་ཞུགས་བྱས་པ་དང་། ལྷའི་ཚོགས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁང་གི་ཚོགས་མི་སོགས་ཀྱིས་མེཀ་ལོ་ནས་གད་སྙིགས་ཕོན་ཆེན་བསྡུ་རུབ་ཀྱིས་གཙང་བཟོ་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ ཚེ་ ༡༨ ཉིན་ལྷ་ཚོགས་པས་ཐེངས་གཉིས་པར་ (བཅོས་མིན་གྱི་ལམ་?) (Rustic Pathways) ཞེས་པའི་ཚོགས་པ་ནས་ཡིན་པའི་སློབ་མ་ ༡༤ ལ་སྣེ་ལེན་དང་རིག་གཞུང་བརྗེ་རེས་བྱས།
ཕྱི་ལོ་ ༢༠༡༦ ཟླ་ ༠༦ཚེས་ ༢༨ ཉིན་ལྷ་ཚོགས་པས་ལུ་ཛི་ཡ་ན་མངའ་སྡེའི་གཙུག་ལག་སློབ་གྲྭའི་སྨན་གྱི་སློབ་ཕྲུག་ ༡༣ ལ་སྣེ་ལེན་ཞུས་ཤིང་ཁོང་རྣམས་ཀྱིས་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིར་མཉམ་ཞུགས་གནང་བ་རེད།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༠༢ ཉིན་ལྷ་ཚོགས་པས་(བཅོས་མིན་གྱི་ལམ་) Rustic Pathways ཞེས་པའི་ཚོགས་པ་ནས་ཡིན་པའི་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་མཉམ་ཞུགས་གནང་མཁན། སྡེ་ཚན་གསུམ་པའི་སློབ་མ་ ༡༤ ལ་སྣེ་ལེན་དང་རིག་གཞུང་བརྗེ་རེས་བྱས།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༦ ཉིན་ཚོགས་པས་བོད་ཀྱི་ཐེབས་རྩ་ཁང་དང་མཉམ་འབྲེལ་གྱིས་བྱིས་པའི་འབྲི་ཀློག་གོང་འཕེལ་སྐོར། ཕ་མ་རྣམས་ལ་ཟབ་སྦྱོང་ཕུལ་བར་ཕ་མ་ ༤༢ ཙམ་གྱིས་མཉམ་ཞུགས་གནང་སོང་།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེ་ ༠༦ ཉིན་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་སློབ་མ་ ༡༡ ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་གྱི་ཆ་ཤས་བླངས།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༠༩ ཉིས་ཕོ་ལན་ཌ་(Poland)ནས་ཡིན་པའི་ང་ཚོའི་དང་བླངས་བ་ཧེ་ལི་ཊི་(Hewlet) དང་། ཕུ་ལེ་ན་(Pualina) རྣམ་གཉིས་ཀྱིས་སྦྱིན་བདག་གནང་བའི་ལྷའི་མ་དངུལ་འདུ་འགོད་ཀྱི་བྱེད་སྒོ་སྤེལ།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༡༦ ཉིན་ལྷ་ཚོགས་པས་(བཅོས་མིན་གྱི་ལམ་?) (Rustic Pathways) ཞེས་པའི་ཚོགས་པ་ནས་ཡིན་པའི་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་མཉམ་ཞུགས་གནང་མཁན། སྡེ་ཚན་བཞི་པའི་སློབ་མ་ ༡༡ ལ་སྣེ་ལེན་དང་རིག་གཞུང་བརྗེ་རེས་ཞུས།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༡༧ ཉིན་ནས་ཟླ་གསུམ་ཙམ་རིང་མི་གྲངས་ ༡༢༤ ལ་མིག་བརྟག་དཔྱད། མི་གྲངས་ ༡༡༨ ལ་སོ་ལྟ་སྐྱོང་དང་། མི་གྲངས་ ༡༠༢ ལ་མིག་ཤེལ་སོགས་རིན་མེད་མཁོ་སྤྲོད་ཞུས།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༡༨ ཉིན་Lifework International ཞེས་པ་ནས་ཡིན་པའི་སློབ་ཕྲུག་ ༠༧ གྱིས་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་ཆ་ཤེས་བླངས།
ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༢༥ ཉིན་ལྷ་ཚོགས་པས་(བཅོས་མིན་གྱི་ལམ་?) (Rustic Pathways) ཞེས་པའི་ཚོགས་པ་ནས་ཡིན་པའི་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་མཉམ་ཞུགས་གནང་མཁན། སྡེ་ཚན་ལྔ་པའི་སློབ་མ་ ༡༡ ལ་སྣེ་ལེན་དང་རིག་གཞུང་བརྗེ་རེས་ཞུས།
ཕྱི་ལོ་ ༢༠༡༦ ཟླ་ ༠༩ ཚེས་ ༠༢ ཉིན་ཐུ་ལན་གཙུག་ལག་སློབ་གྲྭ་ནས་ཡིན་པའི་སློབ་མ ༩ དང་གཙུག་ལག་སློབ་དཔོན་གཉིས་ལ་སྣེ་ལེན་ཞུས།
ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༠༤ ཉིན་ཨ་རིའི་ (Hospice Care)ནས་ཡིན་པའི་གཙུག་ལག་སློབ་དཔོན་ ༡༢ ལ་སྣེ་ལེན་ཞུས་ཤིང་། ཁོང་རྣམས་ཀྱིས་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིར་ཆ་ཤས་བླངས།
ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༣ ཉིན་ལྷ་ཚོགས་པ་སོགས་ཀྱིས་ཤར་ནུབ་ཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན་གོ་སྒྲིག་ཞུས་ཤིང་། ཚོགས་ཆེན་དེར་ཨ་རི་ནས་ཌོག་ཊོར་ ༡༠ དང་། དྷ་སའི་བདེ་ལེགས་སྨན་ཁང་ནས་སྨན་པ་ ༥ བོད་ཀྱི་སྨན་རྩིས་ཁང་ནས་སྨན་པ་ ༣ བཅས་ཀྱིས་མཉམ་ཞུགས་གནང་།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༠༥ ཉིན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུ་ཆེད། ཟམ་གདོང་རིན་པོ་ཆེ་གདན་ཞུས་ཀྱིས། སྤྱི་ཚོགས་ཞབས་ཞུ་བའི་ཀུན་སློང་འཁྱེར་སྟངས་དང་ལས་དོན་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག ལས་བྱེད་དང་། དང་བླངས་ཞབས་ཞུ་བ། དགོན་སྡེ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་སོགས་ལ་ལམ་སྟོན་བཀའ་སློབ་གོ་སྒྲིག་དང་། བཀའ་སློབ་ཀྱི་མཇུག་ཏུ་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་དང་གསུང་བཤད་ཕྱོགས་སྒྲིག གསུམ་འབུམ་དེབ་ཕྲེང་བདུན་པ་དབུ་འབྱེད་སོགས་མཛད་སྒོ་ལེགས་པར་གྲུབ།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༠༧ ཉིན་ལྷ་ཚོགས་པས་(བཅོས་མིན་གྱི་ལམ་?) Rustic Pathways ཞེས་པའི་ཚོགས་པ་ནས་ཡིན་པའི་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ལ་མཉམ་ཞུགས་གནང་མཁན། སྡེ་ཚན་དྲུག་པའི་སློབ་མ་ ༡༥ ལ་སྣེ་ལེན་དང་རིག་གཞུང་བརྗེ་རེས་ཞུས།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ནང་། དང་བླངས་ཞབས་ཞུ་བ་དང་སྤྱི་ཚོགས་ཞིབ་འཇུག་ཁྱད་ལས་པ་ཐྲོ་ཌི་ཌལིའུ་རཱལ་སི་(Todd W Rawls, a survey sociologist) ལགས་ཀྱིས་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་སླད། ལྷའི་སྤྱི་ཐབ་ཀྱི་ལས་གཞིའི་སྐོར་ཞིབ་འཇུག་གནང་།
Read {hits}205{/hits} times