ལྷའི་ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་འཐུང་ཆུ་གཙང་བཟོའི་ལས་འཆར་གྱི་གྲུབ་འབྲས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་དང་ཨུཏྲ་མངའ་སྡེ་གཉིས་ནང་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༨ རིན་མེད་གསར་འཛུགས་བྱས་ཡོད།
ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱེད་ཡུལ་གཙོ་བོ་ཁག་སྟེ་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་སོགས་ལ་འཐུང་ཆུ་གཙང་བཟོའི་ལས་གཞི་དེས་ཕན་ཐོགས་ཇི་ལྟར་ཆགས་ཀྱི་ཡོད་མེད་དྲི་རྩད་དང་དངོས་མྱོང་ལ་ཉམས་ཞིབ་ཀྱིས་འཐུང་ཆུ་གཙང་བཟོའི་ལས་འཆར་གྱི་ཕན་ནུས་ཇི་ལྟར་ཆགས་ཀྱི་ཡོད་མེད་སྐོར་ཞིབ་འཇུག་ཐེངས་གསུམ་ལ་བྱས་ཡོད་པ་རེད། ཞིབ་འཇུག་སྙན་ཐོ་འདི། ཕྱི་ལོ་ ༢༠༡༦ ཟླ་ ༣ པ་དང་ ༤ པའི་ནང་ཞིབ་འཇུག་གིས། ལྷས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་གི་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་མཁན་རྣམས་ལ་དྲི་བ་དྲི་ལས་ཀྱི་སྙན་ཐོ་འགེངས་ཤོག་བཟོས་ཤིང་། ལན་འདེབས་ཆ་ཤས་ལེན་གནང་མཁན་ཁྱོན་མི་གྲངས་ ༤༧༦ བྱུང་ཡོད་པའི་ནང་བོད་མིས་བརྒྱ་ཆ་ ༧༨ དང་། རྒྱ་གར་བས་བརྒྱ་ཆ་ ༢༠ ཟིན་ཡོད་ཅིང་དེ་མིན་བལ་པོ་དང་མི་རིགས་གཞན་པ་ཆགས་ཡོད། ཧི་མ་ཅལ་མངའ་སྡེ་དང་ཨུཏྲ་མངའ་སྡེ། གཞན་ཡང་ཉེ་འཁོར་གྱི་མངའ་སྡེ་ཁག་བཅས་ནས་ཞིབ་འཇུག་བྱེད་ཡུལ་སྡེ་ཚན་ཁག་བཞི་ལ་བགོས་ཤིང་། དེའི་ནང་འཛིན་རིམ་བཞི་པ་མན་གྱི་སློབ་ཕྲུག་དང་། དེའི་ཡན་གྱི་སློབ་ཕྲུག དགེ་རྒན། སྤྱི་བཏང་གི་མི་དར་མ་བཅས་ལ་ཞིབ་འཇུག་བྱས་པ་ཡིན།
འཐུང་ཆུ་གཙང་མའི་ཤུགས་རྐྱེན།
དགེ་རྒན་བརྒྱ་ཆ་ ༦༠ ཡིས་འཐུང་ཆུ་གཙང་བཟོ་བྱེད་སའི་འཕྲུལ་ཆས་གསར་འཛུགས་བྱས་པའི་རྗེས་སུ་འཛིན་གྲྭར་ཞུགས་མཁན་སློབ་ཕྲུག་སྔར་ལས་ཇེ་མང་དུ་ཕྱིན་སོང་ཞེས་གསུངས་འདུད་པ་དང་། སློབ་ཕྲུག་བརྒྱ་ཆ་ ༧༩ ཡིས་གཙང་བཟོ་བྱས་པའི་ཆུ་ལོངས་སུ་སྤྱོད་རྒྱུ་བྱུང་རྗེས་ཁོང་ཚོའི་གཟུགས་པོ་བདེ་ཐང་དང་འཕྲོད་བསྟེན་ཡར་རྒྱས་ཕྱིན་སོང་ཞེས་ལན་འདེབས་གནང་འདུག ཞིབ་འཇུག་གི་དྲི་བར་ལན་འདེབས་གནང་མཁན་མང་ཆེ་བས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཆུ་ཚགས་འཕྲུལ་ཆས་འདི་འདྲ་ཞིག་གསར་འཛུགས་གནང་བར་ཧ་ཅང་ཕན་ཐོགས་དང་བཀའ་དྲིན་ཆེན་པོ་འདུག་ཅེས་དང་། འོན་ཀྱང་རྒྱུན་དུ་ནས་འཕྲུལ་ཆས་ལ་བདག་གཅེས་ལྟ་རྟོག་དགོས་རྒྱུ་དེ་གནད་འགག་ཅིག་རེད་འདུག་ཅེས་སོགས་གསུངས།
ཆུ་བེད་སྤྱོད་གཏོང་ཚད།
ཕྱི་ལོ་ ༢༠༡༥ ལོའི་སྙན་ཐོ་ནང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་མ་བྱས་གོང་ཀ་ལའི་ཆུ་འཐུང་མཁན་གྱི་བརྒྱ་ཆ་ ༢༣ ཟིན་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་སྙན་ཐོ་དང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་མ་བྱས་གོང་ཀ་ལའི་ཆུ་འཐུང་མཁན་གྱི་བརྒྱ་ཆ་ ༣༤ ཟིན་གྱི་འདུག་པ་དང་། ཀ་ལའི་ཆུ་བསྐོལ་ནས་འཐུང་མཁན་གྱི་བརྒྱ་ཆ་ ༡་༢ (མི་གྲངས་ ༣) ལས་ཟིན་གྱི་མི་འདུག དེ་བཞིན་ཆུའི་མཐུན་རྐྱེན་རག་མིན་སྐོར་ལན་འདེབས་གནང་མཁན་གྱི་བརྒྱ་ཆ་ ༢༩་༣ (མི་གྲངས་ ༤༨) ཟིན་འདུག་ལ། བརྒྱ་ཆ་ ༡༥་༩ (མི་གྲངས་ ༤༨) ཡིས་འཕྲུལ་ཆས་ཆག་སྐྱོན་དང་ཆུ་སྣོད་གཙང་མ་མི་འདུག་ཅེས་བཀོད་འདུག བརྒྱ་ཆ་ ༡༣་༤ (མི་གྲངས་ ༢༢) ཡིས་ཆུ་ཚགས་འཕྲུལ་ཆས་དེ་འཛིན་གྲྭ་དང་ཉལ་ཁང་ནས་ཐག་རིང་བ་དང་། ཡང་ན་ཚོགས་སྡེ་ཆེན་པོ་ཞིག་གི་ནང་ཆུ་ཚགས་འཕྲུལ་ཆས་གཅིག་ལས་མེད་པ་དང་། འཕྲུལ་ཆས་ལ་བདག་གཅེས་བལྟ་རྟོགས་མེད་པ་བཅས་ཀྱིས་ཀ་ལའི་ཆུ་འཐུང་བཞིན་ཡོད་སྐོར་བཀོད་འདུག བརྒྱ་ཆ་ ༧༠ (མི་གྲངས་ ༡༡༦) ཡིས་ད་དུང་ཀ་ལའི་ཆུ་འཐུང་བཞིན་ཡོད་ལུགས་ལས་དམིགས་བསལ་རྒྱུ་མཚན་བཀོད་མི་འདུག་ཀྱང་། དཔེར་ན། སྒེར་གྱི་གནད་དོན་དང་། སྟབས་བདེ་ཡིན་མིན། རིན་པ་དགོས་མིན། ད་དུང་གཞན་འགའ་ལ་འཕྲོད་བསྟེན་གྱི་དཀའ་ངལ་མེད་པ། ཆར་དུས་སྐབས་སུའང་ཆུ་ཡག་པོ་ཡོད་པ་བཅས་ཀྱི་གནད་དོན་ཡིན་སྲིད་སྙམ། སློབ་ཕྲུག་བརྒྱ་ཆ་ ༤༣ ཡིས་སློབ་གྲྭའི་ནང་གཙང་བཟོ་བྱས་པའི་འཐུང་ཆུ་རག་རྒྱུ་ལས་སླ་མོ་ཡིན་ལུགས་དང་། སློབ་ཕྲུག་བརྒྱ་ཆ་ ༤༧ ཡིས་གཙང་བཟོ་བྱས་པའི་འཐུང་ཆུ་མཚམས་མཚམས་ལས་རག་གི་མེད་པའམ་དཀའ་ལས་ཁག་པོ་ཡིན་ལུགས་བཀོད་འདུག དེར་མ་ཟད་སློབ་ཕྲུག་བརྒྱ་ཆ་ ༡༠ ཡིས་གཙང་བཟོ་བྱས་པའི་འཐུང་ཆུ་གཏན་ནས་རག་མི་སྲིད་པའི་འགྲེལ་བརྗོད་ཀྱང་བྱས་འདུག ཚོགས་སྡེ་ཁ་ཤས་ཀྱིས་གཙང་བཟོ་བྱས་པའི་འཐུང་ཆུ་སོ་སོའི་ནང་ལ་བེད་སྤྱོད་ཆེད་འཁྱེར་ཆོག་གི་འདུག འོན་ཀྱང་བརྒྱ་ཆ་ ༤༧ ཡིས་གཙང་བཟོ་བྱས་པའི་འཐུང་ཆུ་ནང་ལ་འཁྱེར་གྱི་མེད་ལུགས་བཀོད་འདུག་ལ། བརྒྱ་ཆ་ ༩་༤ ཁོ་ནར་ནང་ལ་ཆུ་ཚགས་འཕྲུལ་ཆས་ཡོད་ལུགས་བཀོད་འདུག་པ་དང་། བརྒྱ་ཆ་ ༦་༣ ཡིས་ཆུ་བསྐོལ་ནས་འཐུང་གི་ཡོད་ལུགས་དང་། བརྒྱ་ཆ་ ༠་༤༥ ཡིས་དམ་བིའི་ཆུ་འཐུང་གི་ཡོད་ལུགས་གསལ་འདུག
འཕྲོད་བསྟེན་གནང་སྟངས།
སྐྱབས་བཅོལ་བའི་སྤྱི་ཚོགས་ཏེ་དཔེར་ན་སྐྱབས་བཅོལ་བོད་མི་རྣམས་ན་ཚ་འདྲ་མིན་གྱི་དཀའ་ངལ་ཡོད་ཅིང་། དམིགས་བསལ་བྱིས་པ་རྣམས་དར་མ་ལྟར་ཟུངས་ཤུགས་མེད་སྟབས་ཉེན་ཁའི་ནང་གནས་ཡོད་པ་དང་། སྙན་ཐོ་དེའི་ནང་ཐོན་གསལ་ལྟར་ན། ལན་འདེབས་གནང་མཁན་བརྒྱ་ཆ་ ༥༧ གྱིས་འདས་པའི་ཟླ་བ་ ༡༢ ནང་སློབ་ཕྲུག་རྣམས་ཐེངས་ ༥ ལས་མང་བ་ན་ཡི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག དེར་བརྟེན་གཙོ་བོར་བྱིས་པ་རྣམས་ལ་དམིགས་ཏེ་འཐུང་ཆུའི་གནས་བབ་མུ་མཐུད་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད། ཕྲུ་གུ་ཚོས་ཟས་མི་འཇུ་བའི་དཀའ་ངལ་ནི་རྒྱུན་ལྡན་གྱི་དཀའ་ངལ་ཞིག་དང་ཉེན་ཁ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། དེས་ཕྱོགས་ཡོངས་ནས་ཕྲུ་གུའི་འཕྲོད་བསྟེན་ལ་དཀའ་ངལ་ཤུགས་ཆེན་སྤྲོད་བཞིན་ཡོད་པ་རེད། པར་རིས་བཞི་པའི་ནང་མཐོང་ཐུབ་པ་བཞིན། འདས་པའི་ཟླ་བ་ ༡༢ ནང་ཟས་མི་འཇུ་བའི་དཀའ་ངལ་ནི་ཧ་ལམ་རྒྱུན་ལྡན་ལྟ་བུ་ཞིག་ཆགས་འདུག ཟས་མི་འཇུ་བའི་དཀའ་ངལ་དེ་དག་གཙོ་བོ་བཙོག་ཆུའི་ན་ཚ་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་། དེ་ལྟ་བུའི་མི་སྒེར་གྱི་འཕྲོད་བསྟེན་མི་འདང་བའི་གནད་དོན་དེ་ནི་ཆུང་དུས་ཀྱི་བདེ་ཐང་དང་སློབ་སྦྱོང་ཡང་པོ་བྱེད་ཐུབ་མིན་སོགས་ཀྱི་འགག་རྩ་ཞིག་ཆགས་ཡོད།
དེ་བཞིན་དཔེར་ན་ཚ་བ་རྒྱས་པ་དང་མགོ་ན་བའི་ནད་རྟགས་དེ་ཚོ་ཡང་ཟས་མི་འཇུ་བའི་དཀའ་ངལ་དང་འབྲེལ་བ་ཆགས་ཡོད་པ་རེད། དཔེར་ན། ཚ་བ་རྒྱས་པའི་ནད་རྟགས་དེ་ཕོ་བའི་མེ་དྲོད་ལ་དཀའ་ངལ་ཕྲད་པའམ་ཕོ་བར་གཉན་ཁ་བརྒྱབ་ཡོད་པའི་རྟགས་ཡིན་ལ། མགོ་ན་བའི་ནད་རྟགས་དེ་ཡང་ཕོ་བའི་མེ་དྲོད་ཉམས་པའི་དཀའ་ངལ་གྱི་གནད་དོན་ཞིག་ཡིན་པས། ན་ཚ་དེ་རིགས་ནི་མཐར་གཏུགས་ན་ཆུ་གཙང་མ་མི་འཐུང་བ་དང་ཆུའི་གནས་སྟངས་སྐྱོ་པོ་ཡིན་པར་ཐུག་ཡོད་པ་གསལ་པོ་རེད།
ལན་འདེབས་གནང་མཁན་བརྒྱ་ཆ་ ༢༡ ཡིས་འདས་པའི་ཟླ་བ་ ༡༢ ནང་ཟས་མི་འཇུ་བའི་དཀའ་ངལ་ནི་དཀའ་ངལ་ཆེ་ཤོས་ཨང་གཉིས་པ་དེ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག་པ་དང་། ད་དུང་ཚ་བ་རྒྱས་པ་བརྒྱ་ཆ་ ༡༥ དང་མགོ་ན་མཁན་གྱི་བརྒྱ་ཆ་ ༡༩ ཟིན་འདུག་པས་དེའི་སྐོར་ཞིབ་ཕྲ་པར་རིས་ལྔ་པར་གཟིགས་རོགས།
བདེ་ཐང་དང་། འཕྲོད་བསྟེན། དོགས་ཟོན།
དོན་ངོ་མར་མི་ཞིག་ཐང་པོར་འཚོ་གནས་བྱེད་པར་བདེ་ཐང་དང་འཕྲོད་བསྟེན་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་དང་། དགེ་རྒན་རྣམས་ལ་སློབ་ཕྲུག་གི་གཙང་སྦྲ་འཕྲོད་བསྟེན་ཐད་ལ་འགན་ཁུར་ཆེན་པོ་ཡོད་པ་རེད། འོན་ཀྱང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱེད་སའི་སློབ་གྲྭ་ཁག་གི་ནང་ཉམས་ཞིབ་བྱས་པའི་གྲུབ་དོན་ལ་བརྟགས་ན། དགེ་རྒན་གྱི་སྙན་ཐོ་དང་སློབ་ཕྲུག་གི་སྙན་ཐོའི་བར་ཁྱད་པར་ཆེན་པོ་བྱུང་འདུག
དེ་ཡང་སློབ་ཕྲུག་བརྒྱ་ཆ་ ༣༣ ཡིས་སློབ་གྲྭའི་ནང་ཁོང་ཚོར་ལག་པ་འཁྲུད་སྟངས་སློབ་ཀྱི་ཡོད་མ་རེད་ཅེས་བརྗོད་པ་དང་། དགེ་རྒན་ལ་ཞིག་འཇུག་བྱས་པའི་སྙན་ཐོའི་ནང་གསང་སྤྱོད་དུ་ཕྱིན་རྗེས་དང་ཁ་ལག་མ་བཟས་གོང་ལག་པ་འཁྲུད་སྟངས་སོགས་འགྲེལ་བཤད་རྒྱག་གི་ཡོད་ལུགས་བཀོད་འདུག
གལ་སྲིད་རོགས་དངུལ་གྱི་སྦྱིན་བདག་གནང་མཁན་བྱུང་ཚེ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཆེད་རྒྱ་གར་ནང་བོད་པའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག་ཏུ་ད་དུང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད།
སྙན་ཐོ་འདི་སྔོན་མ་ལྷའི་དང་བླངས་ལས་བྱེད་ཨོ་སི་ཁྲུའུ་ལི་ཡ་ནས་ཡིན་པའི་བུ་མོ་ཨ་ཤེ་ལི་སུ་མར་སི་(Ashley Summers)ལགས་དང་། ཌན་མག་ནས་ཡིན་པའི་བུ་མོ་ཊན་ནི་ཁེ་ལཱ་སོན་(Tine Niklasson)རྣམ་གཉིས་ཡིན་ཞིང་ཁོང་གཉིས་ནི་གོ་ལའི་ཟས་བཅུད་དང་འཕྲོད་བསྟེན་སྐོར་དང་དམིགས་བསལ་མི་མང་གི་ཟས་བཅུད་འཕྲོད་བསྟེན་དང་ཟས་རིགས་ཀྱི་སྲིད་བྱུས་སྐོར་ཉམས་ཞིབ་གནང་མཁན་ཡིན་པ་རེད།