མེ་སི་ཀོ་ནས་སློབ་མ་ཁག་ཅིག་དང་རིག་གཞུང་བརྗེ་རེས་བྱས་པ།
ཕྱི་ལོ་ ༢༠༡༢ ཟླ་ ༧ པའི་ཚེས་ ༣༠ ཉིན་བྱང་ཨ་རི་ Mexico མེ་སི་ཀོ་ནས་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་མ་ཁག་ཅིག་དྷ་སར་འབྱོར་བར། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཁོང་ཚོ་དང་ལྷན་དུ་རིག་གཞུང་བརྗེ་རེས་ཆེད་རྣམ་པ་འདྲ་མིན་གྱི་ལས་རིམ་མང་པོ་གོ་སྒྲིག་བྱས་ཡོད་པ་རེད།
ཁོང་ཚོ་ཚང་མ་དྷ་རམ་ས་ལར་སླེབས་པ་ཐེངས་དང་པོ་ཡིན་སྟབས། ཐོག་མར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། ཚོགས་པའི་ལས་འཆར། ལས་དོན་བྱེད་ཕྱོགས་ཁག་ངོ་སྤྲོད་བྱས་རྗེས། སློབ་ཕྲུག་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཐེ་བའི་བོད་ཀྱི་དཔེ་མཛོད་ཁང་དང་། ནོར་བུ་གླིང་ཁ། དྷ་སྟེང་བོད་ཁྱིམ། སྨན་རྩིས་ཁང་སོགས་སུ་ཁྲིད་ནས། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་བྱས་པས་མ་ཚད། བོད་ཀྱི་ནང་ཆོས་དང་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་བཅས་འགྲེལ་བརྗོད་བྱས།
མེ་སི་ཀོ་ནས་ཡོང་བའི་སློབ་ཕྲུག་རྣམས་རྒྱུན་དུ་ནས་གནས་ཚུལ་གསར་པ་ཞིག་ཤེས་རྟོགས་བྱ་རྒྱུར་སྤྲོ་སྣང་དང་འདོད་པ་ཆེན་ཡོད་མཁན་རེད་འདུག་པས། ང་ཚོས་ལྷའི་ནང་དབྱིན་ཡིག་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་དང་ཆ་སྡེབ་ཀྱིས། ཕན་ཚུན་དབར་རིག་གཞུང་དང་ཉམས་མྱོང་འདྲ་མིན་སྤེལ་རེས་བྱེད་བཅུག་པ་ཡིན།
ང་ཚོས་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་མ་རྣམས་ལ། དང་བླངས་ཀྱིས་བོད་མི་རྣམས་ལ་དབྱིན་ཡིག་སློབ་ཁྲིད་དང་། སྤྱི་ཚོགས་ཉམས་ཞིབ། ས་གནས་སློབ་ཆུང་ཁག་གི་ནང་དབྱིན་ཇི་སློབ་ཁྲིད་དང་བྱེད་སྒོ་སྣ་ཚོགས། བུ་བཅོལ་ཁང་སོགས་སུ་བྱིས་པ་ལྟ་སྐྱོང་། ཁོར་ཡུག་ལས་འཆར་སོགས་ལས་རིམ་སྣེ་མང་བཀོད་སྒྲིག་བྱས་ཡོད་པ་རེད།
གཞན་ཡང་ང་ཚོས་བོད་མིའི་སྤྱི་ཚོགས་ནང་མཐོ་རིམ་མི་སྣ་དང་ཉམས་མྱོང་ཅན་ཁག་ཅིག་གདན་ཞུས་ཀྱིས་སློབ་ཕྲུག་རྣམས་ལ་གཏམ་བཤད་གོ་སྒྲིག་བྱས་ཡོད་ཅིང་། ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་གདན་ཞུས་ཀྱིས། ཁོང་གིས་སློབ་ཕྲུག་རྣམས་ལ་དུས་ཡུན་ཆུ་ཚོད་ ༡ ཙམ་གྱི་རིང་ནང་ཆོས་ངོ་སྤྲོད་གནང་རྗེས། སློབ་ཕྲུག་རྣམས་ཀྱི་དྲི་བ་དང་དོགས་འདྲི་ཁག་ལས་མ་གཡོལ་བར། དྲི་བ་ཚང་མར་སེམས་རྩ་འཁོད་པོས་ལན་འདེབས་གནང་།
ང་ཚོས་ཧ་ཅང་དགའ་འོས་པ་ཞིག་ལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ང་ཚོའི་ཆེད་དུ་དུས་ཚོད་ཅིག་བཏོན་ནས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། ང་ཚོ་ཁོང་གི་ལས་ཁུངས་ནང་བསྐོངས་ནས་མེ་སི་ཀོའི་སློབ་ཕྲུག་རྣམས་ལ། ས་གནས་འདིར་དུས་ཚོད་འདང་ངེས་ཞིག་སྤྱད་ནས་བོད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པའི་ནང་། དོ་སྣང་ཆེ་ཤོས་ག་རེ་བྱུང་ཡོད་མེད་སོགས་བཀའ་འདྲི་གནང་།
ཁོང་གིས་སློབ་ཕྲུག་ཚང་མར་དེང་གི་དངོས་ཡོད་གནས་ཚུལ་དང་། ད་ལྟའི་བོད་ནང་གི་གནས་སྟངས་བཅས་ཀྱི་སྐོར་དྲི་བ་དྲིས་ལན་གྱི་གོ་སྐབས་ཆ་ཚང་གནང་བ་དང་། མཇུག་མཐར་ཁོང་གིས་ཚང་མས་བོད་མིའི་ཆབ་སྲིད་སྐོར་ཤེས་རྟོགས་གང་ལེགས་བྱུང་འདུག་ཅེས་གསུངས་ཡོད་པ་རེད།
ཐེངས་འདིར་རྒྱུན་ལྡན་མིན་པའི་ལས་རིམ་གཞན་ཞིག་ནི་ང་ཚོས་ཐོག་མར་བོད་མི་མང་སྤྱི་འཐུས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བཅས་དགོང་ཟས་ཞིག་གི་ཐོག་གདན་ཞུས་ཀྱིས། སློབ་ཕྲུག་རྣམས་དང་ཉམས་མྱོང་དང་བསམ་ཚུལ་སྤེལ་རེས་བྱེད་པའི་ལས་རིམ་གོ་སྒྲིག་བྱས་པ་དང་། ཐེངས་གཉིས་པར་དྷ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམས་གདན་ཞུས་ཀྱིས་སློབ་ཕྲུག་རྣམས་དང་གོང་བཞིན་ཕན་ཚུན་དབར་བསམ་ཚུལ་དང་ཉམས་མྱོང་སྤེལ་རེས་བྱས་པས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
དེ་མིན་གྱིས་དུས་ཚོད་གཞན་ཁག་ཁོང་ཚོ་སྤྱིར་སྟངས་ཀྱི་ཡུལ་སྐོར་སྤྲོ་འཆམ་བ་བཞིན་དུ་སྐོར་སྐྱོད་བྱེད་པའི་དུས་ཚོད་ཀྱང་བྱུང་ཡོད། ཁོང་ཚོ་ཕྱིར་ལོག་བྱེད་ལ་ཉེ་བའི་སྐབས་དེར་ལྷའི་ Ahimsa house ནང་ལྷའི་ལས་བྱེད་དང་མཉམ་དུ་དགོང་ཟས་ཤིག་བཤམས་པ་དང་། སྐབས་དེར་ཁོང་ཚོས་ཐེངས་འདིའི་རིག་གཞུང་བརྗེ་རེས་དང་། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་རྟོགས་ཞིབ་བྱེད་པའི་མྱོང་ཚོར་སོགས་ཕན་ཚུན་བགྲོ་གླེང་བྱས་རྗེས། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སློབ་ཕྲུག་དང་། རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འགན་འཁུར་བ་བཅས་ཚང་མར་རྗེས་དྲན་ལག་རྟགས་བཅས་ཕུལ་ནས། ཐེངས་འདིའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཚགས་ཚུད་དང་གོ་རིམ་ལྡན་པ་བྱུང་ཡོད་པ་རེད།