ཕྱི་ལོ་༢༠༡༣ལོའི་ཆེས་ཐོག་མའི་རིག་གཞུང་བརྗེ་རེས་ཀྱི་སློབ་མ།
འདི་ལོ་ཕྱི་ལོ་༢༠༡༣ལོའི་ལྷའི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཆེས་ཐོག་མའི་རིག་གཞུང་བརྗེ་རེས་ཀྱི་སློབ་མ་ནི། Mr. Michael Smith སྐུ་ཞབས་མེ་ཁལ་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ Tulane University ཐུ་ལན་གཙུག་ལག་སློབ་གཉེར་ཁང་ནས་
སློབ་མ་༡༢ ཕྱི་ཟླ་༦པའི་ཚེས་༧ཉིན་དྷ་རམ་ས་ལར་འབྱོར་ཡོད་པ་རེད།
སློབ་མ་རྣམས་བདུན་ཕྲག་གསུམ་རིང་བཞུགས་སྒར་དྷ་རམ་ས་ལར་གནས་སྡོད་ཀྱིས་བོད་པའི་སྤྱི་ཚོགས་དང་རིག་གཞུང་བརྗེ་རེས་སོགས་བྱས་ཡོད། ཁོང་ཚོ་དྷ་རམ་ས་ལར་སླེབས་པ་ཐེངས་དང་པོ་ཡིན་ཞིང་ཐོག་མར་ང་ཚོས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་རིམ་ཁག་ངོ་སྤྲོད་དང་། དེ་ནས་སློབ་ཕྲུག་རྣམས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། བོད་ཀྱི་དཔེ་མཛོད་ཁང་སོགས་བོད་མིའི་ཚོགས་སྡེ་ཁག་མང་པོ་ཞིག་གི་ནང་ཁྲིད་ནས་ངོ་སྤྲོད་དང་གནས་ཚུལ་རྒྱུས་ལོན་བྱས་ཡོད།
དམིགས་བསལ་སློབ་ཕྲུག་འདི་དག་གིས། ཕྱི་ཟླ་ ༦ པའི་ཚེས་ ༢༧ ཉིན་༧གོང་ས་མཆོག་གིས་དྷ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་སྐབས་སུ་མཉམ་ཞུགས་བྱེད་པའི་གོ་སྐབས་བྱུང་ཡོད་པ་མ་ཟད། དེ་བཞིན་ཁོང་ཚོ་བྷིར་བོད་མིའི་གཞིས་ཆགས་དང་། མན་ཌི། མཚོ་པདྨ་བཅས་ལ་གཟིགས་སྐོར་གྱིས་ཡུལ་དེ་དག་གི་བོད་མིའི་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་བྱས།
ཕྱི་ཟླ་༦པའི་ཚེས་༡༢ཉིན་སློབ་ཕྲུག་དེ་དག་གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭའི་ནང་ཁྲིད་ནས། ཁོང་ཚོས་དཔེ་སྟོན་སློབ་གྲྭའི་ལོ་རིམ་དང་པོ་ནས་ལྔ་པའི་བར་གྱི་ཁྱོན་ཕྲུག་ ༡༠༠ ཡས་མས་ཤིག་ལ་ཚོན་དང་ཤོག་བུས་སྒྱུར་རྩལ་གྱི་རི་མོ་དང་བཟོ་དབྱིབས་སྣ་ཚོགས་བཟོ་ཐབས་ཀྱི་ཟབ་སྦྱོང་སྤྲད་ཡོད་པ་དང་སྐབས་དེར་ཟབ་སྦྱོང་སྤྲོད་མཁན་དང་ཟབ་སྦྱོང་སྤྲོད་སའི་སློབ་ཕྲུག་ཚང་མས་དགའ་ཚོར་ཆེན་པོ་བྱུང་ཡོད། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་རྗེས་སུ་ཟབ་སྦྱོང་དེ་དང་འདྲ་བ་བཙན་བྱོལ་བོད་མིའི་སློབ་གྲྭ་འདྲ་མིན་ནང་གོ་སྒྲིག་བྱེད་ཐོབ་ཐབས་ཀྱི་བྱེད་རྒྱུའོ་འཆར་གཞི་ཡོད་ཅིང་། ཐེངས་འདིའི་སློབ་ཕྲུག་རྣམས་ལ་ཟབ་སྦྱོང་སྤྲོད་སའི་རྒྱུ་ཆ་དེ་དག་ཨ་རིའི་ Colorado ཀོ་ལོ་རཱ་ཌོའི་ནང་གནས་བཞུགས་ Ms. Kate Neuschaefer ལྕམ་ཀེ་ཊི་ལགས་ཀྱིས་ www.artsforthenations.org ཞལ་འདེབས་གནང་བ་ཞིག་རེད།
ཕྱི་ཚེས་༢༣ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ལྷའི་ Ahimsa House འཚེ་མེད་ཞི་བའི་ཁང་དུ་གདན་ཞུས་ཀྱིས་ཁོང་གིས་སློབ་ཕྲུག་རྣམས་ལ་ནང་ཆོས་དང་འཚེ་མེད་ཞི་བའི་སྐོར་གསུང་བཤད་དང་སློབ་ཕྲུག་ཚོ་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།
དེ་བཞིན་ང་ཚོས་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་ཚོར་ལྷའི་སློབ་ཕྲུག་ཚོ་དང་ལྷན་དུ་ཉིན་རེར་ཆུ་ཚོད་གསུམ་ཙམ་ཕན་ཚུན་བར་རིག་གཞུང་དང་ཉམ་མྱོང་སྤེལ་རེས་བྱས་བཅུག་ཡོད་པ་མ་ཟད། ཁོང་ཚོས་བོད་ནང་གི་ཆབ་སྲིད་སྐོར་རྒྱུས་ལོན་གང་ལེགས་ཡོང་ཆེད། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ནང་རྒྱ་ནག་གཞུང་གིས་མནར་གཅོད་འོག་དཀའ་སྡུག་མང་པོ་མྱངས་མྱོང་ཡོད་པའི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་གཙོས་པའི་ཆབ་སྲིད་བཙོན་ཟུར་སོགས་དང་ཐུགས་འཕྲད་བྱ་རྒྱུ་བཅས་ཀྱི་གོ་སྒྲིག་གང་མང་ཞུས་ཡོད་པ་རེད།