ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་ཐོབ་པ།

Rabsel1ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༥ ཉིན་དྷ་ས་ས་གནས་འགོ་འཛིན་གྱིས་གོ་སྒྲིག་འོག དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དྷ་ས་ས་གནས་ཀྱི་ཚོགས་སྡེ་ཁག་གི་འགོ་ཁྲིད་རྣམས་ཀྱིས་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དེ་སྐོང་འཚོགས་བྱས་སོང་། ཚོགས་འདུའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་གཙོས་པའི་དྷ་སའི་ས་འཐུས་དང་། རང་བདེན་ཚོགས་ཆུང་། ཧིན་བོད་མཛའ་འབྲེལ་ཚོགས་པ། འཕགས་བོད་འབྲེལ་མཐུད་ཚོགས་པ། ཧི་མ་ལ་ཡ་ཁྱིམ་ཚང་ཚོགས་པ་སོགས་ཀྱི་ཚོགས་གཙོའམ་ཚོགས་གཞོན་སོགས་སྐུ་མགྲོན་གཙོ་བོ་རུ་གདན་ཞུ་གནང་ཡོད་ཅིང་། ད་ཐེངས་ཉིན་གཅིག་རིང་གི་ཚོགས་འདུའི་དངོས་གཞི་ནང་འཛུལ་ཞུགས་བྱེད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་།

སློབ་གྲྭ་ཁག དགོན་སྡེ་གྲྭ་ཚང་གི་སྐུ་ཚབ། སྤྱི་ཚོགས་ཞབས་ཞུ་གནང་མཁན་མི་སྒེར་བ་བཅས་མང་པོ་ཕེབས་ཡོད་པ་རེད། ཚོགས་འདུའི་མཛད་སྒོའི་སྐབས་ཚོགས་པ་དང་མི་སྒེར་བ་ཁག་ཅིག་ལ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་དཔལ་ལྡན་སྲིད་ཚབ་མཆོག་གི་ཐུགས་རྗེ་ཆེ་ཞུའི་བྱ་དགའ་དང་། སྤྱི་ཚོགས་ཞབས་ཞུའི་བྱ་དགའ། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་སོགས་གཟེངས་བསྟོད་བྱ་དགའ་ཁ་ཤས་གནང་ཡོད་ཅིང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་མཛད་སྒོར་མཉམ་ཞུགས་ཀྱིས་བྱ་དགའ་དེ་བླངས་ཡོད་པ་རེད། དེ་ཡང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནང་ཁང་ནི་ལོ་མང་རིང་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོ། ཁོར་ཡུག་སྲུང་སྐྱོབ་སོགས་ལ་ལག་ལེན་རང་གི་ཐོག་ནས་ལས་དོན་གང་ལེགས་བྱས་ཤིང་། དེར་མ་ཟད་སྤྱིར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་། དགོས་སུ་བོད་མཐོ་སྒང་གི་གངས་རི་དང་འཁྱགས་རོམ་ཞུ་བ། དེའི་རྐྱེན་པའི་ས་འགུལ་དང་ཆུ་ལོག་སོགས་ཀྱི་གོད་ཆག་ཇི་སྙིད་གཅིག་བྱུང་དང་འབྱུང་བཞིན་ཡོད་པ་སོགས་དང་། བོད་དང་འབྲེལ་ཆེ་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁུལ་ཁག་གི་གནམ་གཤིས་ཀྱི་གནས་སྟངས་སོགས་ལ་ཞིབ་འཇུག་དང་། ཁོར་ཡུག་སྲུང་སྐྱོབ་སླད་ “བོད་ཀྱི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ” (www.Tibet Nature.Net) ཞེས་པའི་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་གཙོ་གཉེར་བྱེད་བཞིན་ཡོད་ཅིང་། དྲ་རྒྱ་འདིའི་ནང་དུ་བོད་ཀྱི་ཁོར་ཡུལ་དང་འབྲེལ་བའི་གནས་ཚུལ་ཇི་བྱུང་གང་ནུས་ཅི་ལྕོགས་ཀྱིས་ཞིབ་འཇུག་དང་བཅས་ཏེ་དུས་ཐོག་ཏུ་སྤེལ་ཐབས་བྱེད་བཞིན་ཡོད་ལ། བྷི་བྷི་སི་དང་། (BBC) སི་ཨན་ཨན། (CNN) སོགས་གསར་ཁང་ཆེ་ཁག་གིས་སྤེལ་བའི་བོད་ཀྱི་རང་འབྱུང་ཁོར་ཡུག་དང་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་དང་འབྲེལ་བའི་གསར་གནས་དང་། རྩོམ་ཡིག་སོགས་དུས་ཐོག་ཏུ་བོད་བསྒྱུར་གྱིས་འགོད་སྤེལ་བྱེད་བཞིན་ཡོད། གཞན་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་དང་། རྩོམ་ཡིག་སོགས་ཀྱང་དྲ་ཐོག་ཏུ་འགོད་ཀྱིན་ཡོད། ལྷར་པར་དུ་འཛམ་གླིང་ཁོར་ཡུག་ཉིན་མོ་དང་། སའི་གོ་ལའི་ཉིན་མོ་བཅས་ལ་དུས་ནས་དུས་སུ་དྷ་སའི་གཡས་ཡོན་གྱི་ཁོར་ཡུག་གཙང་བཟོ་དང་། ཁོར་ཡུག་སྐོར་གོ་རྟོགས་ལས་འགུལ་སོགས་གང་ལེགས་སྤེལ་གྱིན་ཡོད་པ་སོགས་ཀྱིས་ལས་གཞི་འདི་འགོ་འཛུག་བྱས་པ་ནས་བཟུང་ད་ལྟ་བར་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་དང་། བོད་རིགས་གཞོན་སྐྱེས་དང་ཤེས་ཡོན་པ། དེ་བཞིན་ཕྱི་རྒྱལ་གྱི་ཡུལ་ཁག་འདྲ་མིན་ནས་ཕེབས་པའི་སྤྱི་ཚོགས་ཞབས་ཞུའི་དང་བླངས་བ། ཞིབ་འཇུབ་པ་བཅས་ཧ་ཅང་མང་པོས་ཞིག་གིས་དགའ་བསུ་དང་བསྔགས་བརྗོད་ཀྱང་མི་ཉུང་བ་ཐོབ་བཞིན་ཡོད་པ་རེད།