ལྷའི་ལས་བྱེད།

༄༅། །བཞུགས་སྒར་དྷ་རམ་ས་ལར་བརེྟེན་གཞི་བྱས་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཙོ་གཞོན་དང་། ལས་བྱེད་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས། 

 

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན།Ngawang Rabgyal

 ངག་དབང་རབ་རྒྱས་ལགས་ནི་ཕྱི་ལོ་ ༡༩༧༧ ལོར་བར་ཁམས་ཚ་བ་དཔའ་ཤོད་ཡུལ་དུ་སྐྱེས། ཆུང་དུས་རང་ཡུལ་གྱི་དགོན་དུ་ཆོས་སྒོར་ཞུགས་ཤིང་སྔ་ཕྱིར་རང་ཡུལ་གྱི་དགོན་དང་ལྷ་ས་སོགས་སུ་གཞུང་ལུགས་ལ་ཐོས་བསམ་ཅུང་ཟད་བྱས།

ཕྱི་ལོ་ ༡༩༩༦ ལོར་བཙན་བྱོལ་དུ་འབྱོར་ཏེ་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་དང་གཞན་ཡང་འབྲེལ་ཡོད་ཤེས་ཡོན་གྱི་རྭ་བ་སོགས་ནས་བོད་དབྱིན་དང༌། གློག་ཀླད་སོགས་ལ་སྦྱང་པ་མི་དམན་ཙམ་བྱས་ཤིང༌། ཕྱི་ལོ་ ༢༠༠༣ ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་གནང་སྐབས་ནས་བཟུང་དྭང་བླངས་ཀྱི་ངོ་བོའི་ཐོག་ནས་ལྡི་ལི་རུ་བོད་ཀྱི་བང་ཆེན་གསར་འགོད་པ་དང་འགྲེམས་སྤེལ་བ་གཅིག་ལྕོགས་དང༌། ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༢ ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དབུས་ལས་ཁང་ཏུ་ལོ་གཅིག་དང་ཕྱེད་ཙམ་རིང་གཙོ་བོ་འཛིན་སྐྱོང་དོ་དམ་པ་དང༌། བོད་ཀྱི་བང་ཆེན་གྱི་གསར་འགོད་པ་སོགས་ཀྱིས་ལས་ཀ་བྱས།

དེ་བཞིན་ཕྱི་ལོ་ ༢༠༠༤ ནས་བཟུང་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་སོགས་དང་མཉམ་འབྲེལ་གྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་ཞིབ་འཇུག་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་གང་མང་སྤེལ།

ཕྱི་ལོ་ ༢༠༠༣ ནས་བཟུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་དང་འབྲེལ་སྤྱི་ཚོགས་ཞབས་ཞུའི་ལས་ཀ་གང་མང་བྱས་ཤིང༌། ཕྱི་ལོ་༢༠༠༨ ལོ་ནས་བཟུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་གྱི་ལས་ཁུར་བྱེད་བཞིན་ཡོད།

 

Lobsang Rabselལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ།

བློ་བཟང་རབ་བསལ་ལགས་ཕྱི་ལོ་༢༠༡༣ཟླ་༩པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་ཤིང་། རབ་བསལ་ལགས་ཀྱིས་ཕྱི་ལོ་༢༠༠༨ནས་བཟུང་ལྷའི་ནང་དང་བླངས་འབྲེལ་མཐུད་པའི་ལས་འགན་འཁུར་སྐབས། དུས་ཡུན་དེའི་རིང་ལྷའི་དང་བླངས་བ་མང་པོ་ཞིག་གིས་ཁོང་གི་ལས་ཀར་བསྔགས་བརྗོད་ཡང་ཡང་ཐོབ། མ་ཚད་ཁོང་ནི་ཕྱི་ལོ་༢༠༡༡ནས་ལྷའི་ཡིད་ཆེས་དགེ་རྩའི་ཚོགས་མིར་ཆགས་ཡོད།

བློ་བཟང་རབ་བསལ་ལགས་དེ་སྔོན་ལྷ་ས་སེར་ར་དགོན་པར་ཆོས་སྒོར་ཞུགས་ནས་བསླབ་པ་སློབ་གཉེར་གང་འཚམ་བྱས་རྗེས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་༢ཙམ་རིང་སློབ་སྦྱོང་གི་གོ་སྐབས་ཐོབ། ཕྱི་ལོ་ ༡༩༩༨ ལོ་ནས་འབྲེལ་གཏུགས་དུས་དེབ་ཀྱི་གཙོ་འགན་བཞེས་པ་དང་། ཕྱི་ལོ་ ༢༠༠༡ ལོ་བར་བོད་ཀྱི་དང་བླངས་འབྲེལ་གཏུགས་ལས་ཁུངས་ཀྱི་འབྲེལ་གཏུགས་པ་བྱས།

ཕྱི་ལོ་ ༢༠༠༣ ནས་ ༢༠༡༢ བར་འབྲེལ་གཏུགས་དུས་དེབ་ཡོངས་སུ་འགན་གཙང་བླངས་ནས་གཙོ་གཉེར་བྱས། དེ་བཞིན་དྷ་སར་ཡོད་པའི་བོད་ཀྱི་གཞི་མཐུན་ཟ་ཁང་གི་དོ་དམ་པ་སོགས་བྱས། ད་ཆ་ཁོང་གིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དང་བླངས་འབྲེལ་མཐུད་པ་དང་། འབྲེལ་གཏུགས་དུས་དེབ་འགྲེམས་སྤེལ་སོགས་ཀྱི་ལས་དོན་ཁག་འགན་འཁུར་བཞིན་པ་ཡིན། 

 

Dorjee Kyiལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སྤྱི་ཁྱབ་དྲུང་ཆེ་དང་།

རྡོ་རྗེ་སྐྱིད་ལགས་ནི་བོད་མདོ་སྨད་ཨ་མདོ་ཁུལ་དུ་སྐྱེས་ཤིང་ ༡༩༩༣ ལོར་རྒྱ་གར་ལ་འབྱོར་ནས་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་སྦྱོང་བྱས་པ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་མ་དྷ་རཱ་སི་ཡེ་ཤུ་གཙུག་ལག་སློབ་གཉེར་ཁང་ནས་གསར་འགོད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་ཅི་ནའེ་ནས་ཝེ་ཤ་ནཱ་ཝ་ཞེས་པའི་བུད་མེད་ཀྱི་མཐོ་སློབ་(M.O.P Vaishnav College for Woman)ཅིག་ནས་འབྲེལ་ལམ་སྐོར་གཙུག་ལག་རབ་འབྱམས་པ་ཐོན།
སློབ་ཐོན་རྗེས་ཨ་མཱ་ཛོན་(Amazon.com)ཞེས་པའི་ཚོང་ལས་ཁང་དུ་ལོ་གཉིས་རིང་ལས་ཀ་བྱས་པ་དང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ལས་ཀ་བྱས། ད་ལྟའི་ཆར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་ལས་འཆར་དོ་དམ་པའི་འགན་འཁུར་བཞིན་ཡོད་པ་རེད།

 

Tenzin Sherab la ལྷའི་ལུགས་མཐུན་ཚོང་ལས་ཁང་གི་དོ་དམ་པ། 

བསྟན་འཛིན་ཤེས་རབས་ལགས་ནི་བོད་ནང་སྐྱེས་ཤིང་། རང་ལོ་ ༥ ལ་སོན་སྐབས་རྒྱ་གར་ལ་འབྱོར་བ་དང་། ཁོང་ཐོག་མར་སྦིར་སུ་ཇཱ་སློབ་གྲྭར་འཛུལ་ཞུགས་ཀྱིས་གཞི་རིམ་གྱི་སློབ་སྦྱོང་གྲུབ་རྗེས། འཛིན་རིམ་ ༡༡ དང་ ༡༢ རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་བོད་ཁྱིམ་དུ་སློབ་སྦྱོང་བྱས།

དེ་རྗེས་ལོ་ཡོ་ལ་མཐོ་སློབ་(Loyola College)ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན་རྗེས། རྒྱ་གར་གྱི་གྲོང་ཁྱེར་པུ་ནེར་ཡོད་པའི་སེམ་བྷོ་སི་གཙུག་ལག་སློབ་གཉེར་ཁང་ནས་(Symbiosis college)ཚོང་ལས་འཛིན་སྐྱོང་སྐོར་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱས།
ཕྱི་ལོ་ ༢༠༡༤ ཟླ་ ༤ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་ལས་ཞུགས་ཀྱིས། ལྷའི་བོད་ཀྱི་ལུགས་མཐུན་ཚོང་ལས་ཁང་(Lha Tibet Fair Trade )གི་དོ་དམ་གྱི་འགན་འཁུར་བཞིན་ཡོད་པའི་ལོ་རྒྱུས་མདོར་བསྡུས་སུ། 

 

Tenzin Samtenའབྲེལ་གཏུགས་དུས་དེབ་ཀྱི་གསར་འགོད་པ།

བསྟན་འཛིན་བསམ་གཏན་ལགས་ནི་སྟོད་དིང་རི་དུ་སྐྱེས་ཤིང་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་འབྱོར་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱས། གྷོ་ཕལ་ཕུར་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་ལྷོ་ཕྱོགས་ཅི་ནཱའེ་རུ་མཐོ་སློབ་འགྲིམས་པ་དང་། དེ་རྗེས་མེ་ནཱ་ཁ་ཤེ་ཞེས་པའི་བུད་མེད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབྱིན་ཡིག་ཐོག་སློབ་སྦྱོང་དང་། དེ་རྗེས་ལོ་ཡོ་ལཱ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་གོང་གི་སློབ་ཚན་དེའི་ཐོག་ནས་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱས།
སློབ་གཉེར་ཐོན་རྗེས་ ༢༠༡༢ ནས་ ༢༠༡༤ བར་ཨ་མན་རྫུན་(Amazon)ཞེས་པའི་ཚོང་ལས་ཁང་དུ་ལས་ཀ་བྱས་པ་དང་། ༢༠༡༥ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ལས་ཞུགས་ཀྱིས་ཐོག་མར་ལས་འཆར་དོ་དམ་པ་དང་། ད་ལྟའི་ཆར་འབྲེལ་གཏུགས་དུས་དེབ་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པ་བཅས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ།

 

Tabsangལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད།

བཀྲ་སངས་ལགས་ནི་ཕྱི་ལོ་ ༡༩༨༠ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་གྲོང་སྡེ་ཆུང་ཆུང་ཞིག་གི་ནང་སྐྱེས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་འབྱོར། ཕྱི་ལོ་ ༢༠༠༤ ལོར་བར་ལས་ཀ་ཙག་ཙིག་བྱས་ནས་བསྡད།

ཕྱི་ལོ་ ༢༠༠༤ ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་ལས་ཀ་བྱས་ཤིང་། ད་ལྟའི་ཆར་ལྷའི་ལས་ཁུངས་ཀྱི་མ་བྱན་དང་། འཛིན་གྲྭར་ལྟ་རྟོགས་སོགས་ལས་དོན་གཞན་ཁག་ལ་འགན་ཁུར་མུས་ཡིན། 

 

Yangduསྤྱི་ཐབ་ཀྱི་མ་བྱན།

 བསྟན་འཛིན་གཡང་འདུ་ལགས་ནི་ཕྱི་ལོ་ ༡༩༩༡ ལོར་ཁམས་སྡེ་དགེ་རུ་སྐྱེས། ཕྱི་ལོ་ ༢༠༠༧ ཟླ་ ༡༢ པའི་ནང་ཤར་གངས་རི་བརྒྱུད་བལ་ཡུལ་དང་དེ་ནས་རྒྱ་གར་ལ་འབྱོར་རྗེས་ཕྱི་ལོ་ ༢༠༡༢ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭར་སློབ་སྦྱོང་བྱས། དེའི་རྗེས་རྡ་རམ་སར་ཡོང་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་བོད་ཀྱི་བདེ་རྩ་སོགས་སུ་སློབ་སྦྱོང་དང་ཕྱི་ལོ་ ༢༠༡༣ ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དུ་ལས་ཞུགས་བྱས་ཡོད་པ་རེད།

 

Tenpa Thutopསྤྱི་ཐབ་ཀྱི་མ་བྱན།

བསྟན་པ་མཐུ་སྟོབས་ལགས་ནི་ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༡ ཉིན་ཁམས་ཚ་བ་དཔའ་ཤོད་དུ་སྐྱེས།  སྤྱི་ལོ་ ༢༠༠༥ ལོར་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ལ་སླེབས་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་མི་ལོ་ཧྲིལ་པོ་ལྔའི་རིང་དབྱིན་བོད་གཉིས་སྦྱོང་བའི་གོ་སྐབས་ཐོབ། དེ་རྗེས་བོད་ཀྱི་ཐབ་ཚང་དུ་ལོ་མང་རིང་ལས་ཀ་བྱས་པ་དང་ད་ལྟའི་ཆར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུས་ལས་ཞུགས་ཀྱིས་ལྷའི་སྤྱི་ཐབ་ནང་ལས་ཀ་བྱེད་མུས་ཡིན།

 

Dhundup Choephelསྤྱི་ཐབ་ཀྱི་མ་བྱན།

དོན་འགྲུབ་ཆོས་འཕེལ་ལགས་ནི་ཕྱི་ལོ་ ༡༩༨༥ ཟླ་བ་ ༥ ཚེས་ ༡༥ ཉིན་མདོ་ཁམས་ཚ་བ་དཔའ་ཤོད་དུ་སྐྱེས། ཆུང་དུས་ས་གནས་སློབ་གྲྭར་འགྲིམས་པའི་གོ་སྐབས་ཏོག་ཙམ་ཐོབ་པ་དང་ཕྱི་ལོ་ ༢༠༠༣ ལོར་ལྷ་ས་དང་གཞིས་རྩི་སོགས་སུ་གནས་མཇལ་དུ་ཡོང་རྗེས་སུ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་ལ་འབྱོར། དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཤེས་རབ་དགའ་ཚལ་སློབ་གླིང་ནང་དུ་ལོ་ལྔའི་སློབ་སྦྱོང་གི་གོ་སྐབས་བྱུང་། ཕྱི་ལོར་ ༢༠༡༣ ནས་ ༢༠༡༤ བར་བོད་ཀྱི་ཐབ་ཚང་(Tibet kitchen)ནང་ལས་ཀ་བྱས། ཕྱི་ལོ་ ༢༠༡༥ ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་ལས་ཀ་བྱེད་མུས་ཡིན།